༡
སེམས་རྣལ་དུ་ཕབ་ནས་སློབ་སྐབས་གཅིག་གི་སློབ་ཁྲིད་བྱ་བར་སྡོམ་ཚིག་རྒྱག་དུས།ད་ནི་ཁམས་ཉག་རོང་དུ་ཡོང་སྟེ་ཏག་ཏག་མི་ལོ་བདུན་ལྷག་འགོར་ཟིན།དཀའ་སྡུག་དང་བློ་ཕམ་སོགས་ཚོད་དགམ་ལྟ་བུའི་མི་ཚེའི་མྱོང་བ་ཇི་སྙེད་གདོང་གཏད་ནས་ཡོད་ཚད་མཇུག་བསྒྲིལ་ནའང་།ད་དུང་སློབ་གསོའི་སྦྱོར་དངོས་རྗེས་གསུམ་ཁྲོད་དུ་གྲ་ཆག་གྲུ་ཉམས་ཤོར་ཡོད་པའི་འགྱོད་གདུང་དང་སེམས་ཚོར་རྣོན་པོ་ཞིག་ཡང་ཡང་སྐྱེས་བྱུང་།ད་ནི་རང་ཉིད་ལ་འཁང་ར་བྱས་ཏེ་སྡོད་པས་ཅི་ལ་ཕན།ལྡོག་སྟེ་ཕྱིས་འབྱུང་སློབ་གསོའི་སྒང་གི་ལས་ཀ་ཡོད་ཅོག་དོན་སྙིང་དང་ཚད་ལྡན་དུ་གཏོང་བར་མནོ་བསམ་གཏང་བའི་དུས་ལ་ཁེལ་བར་ཡང་ཡང་མཐོང་།
༢
ཁོའི་མིང་ལ་ཚ་རྒྱུད་དཀོན་མཆོག་བསྟན་འཛིན་དུ་འབོད་ཅིང་།ཕ་ཡུལ་ཨ་མདོ་ཀན་ལྷོ་ཀླུ་ཆུ་ནས་རེད།དཔེ་ཁྲིད་མི་སྐྱོང་གི་ལས་ཀར་འཐམ་སྟེ་མི་ལོ་བདུན་གྱི་དུས་ཚོད་ཤེས་མེད་དུ་འགོར་འདུག། ཁོ་ནི་ང་ལ་རྒྱུས་མངའ་ཡོད་པའི་དགེ་གྲོགས་ཚོའི་ཁྲོད་སེམས་ངོར་བག་ཆགས་དམིགས་བསལ་བཞག་མྱོང་པའི་དགེ་རྒན་ཞིག་ཏུ་ཆགས་ཡོད།དེ་བས།ང་ལ་མཚོན་ན།ཁོའི་སློབ་གསོའི་དོན་དུ་ཡིན་པའི་སྐད་ཆའི་འབྲུ་རེ་རེ་དང་སྤྱོད་པའི་ཉམས་རེ་རེ་ནི་དགའ་དད་དང་བསླབ་བྱ་འཐོབ་བྱེད་ཀྱི་རྒྱུ་འབའ་ཞིག་ཏུ་ཟད།
༣
སྤྱིར་ཡུལ་ཕྱོགས་འདིར་སློབ་གསོའི་ལས་དོན་ཆེད་བློས་གཏོང་བཞིན་པའི་དགེ་རྒན་མང་དུ་མཆིས་ནའང་།ངའི་དྲན་པའི་ཁྲོད་དུ།ཁོང་ནི་སྤྱིར་བཏང་མ་ཡིན་པའི་ངེས་དོན་གྱི་དགེ་རྒན་ཞིག་ཏུ་བལྟས་ཆོག་སྟེ།ལོ་འཁོར་གཅིག་ལྷག་གི་འབྲེལ་བ་དང་བརྟག་གཞིག་བརྒྱུད་ནས།ཁོང་ལ་རིགས་ཞེན་གྱི་ལྷག་བསམ་དང་སྙིང་སྟོབས་མངའ་ཞིང་།སྐད་ཡིག་གི་འཇོན་ནུས་དང་བྱང་ཚད་ཀྱང་མངོན་སུམ་དུ་མཐོ།མ་ཟད།ནམ་རྒྱུན་དཔེ་ཀློག་གི་འཚོ་བ་ལས་མི་འབྲལ་བར་གཟབ་ནན་གྱིས་སློབ་ཁྲིད་གྲ་སྒྲིག་དང་།ཁ་གསལ་ཉུང་བསྡུས་དང་གནད་ཕིགས་ཀྱིས་སློབ་ཁྲིད་བྱེད་པ།ད་དུང་འཆར་ཅན་གྱིས་ལས་བྱ་དང་རྒྱུགས་གཞི་སོགས་ལ་དག་བཅོས་བྱེད་སྟངས་དམིགས་བསལ་བཅས་ཀྱིས་ས་ཆ་འདིའི་སློབ་ཕྲུག་ཚོ་མི་ཚེའི་གཅིག་གི་སློབ་གཉེར་གྱི་ཞིང་སར་ངོམ་རི་བའི་འབྲས་བུ་རྙེད་ཡོད་པར་གོར་མ་ཆག། གཞན་དུ་དགེ་རྒན་ཞེས་པའི་ཆོ་ལོ་འཛིན་མཁན་སུ་ཞིག་ཡིན་རུང་།ཁོའི་དགེ་བའི་ཅི་བྱས་མཐའ་དག་ལ་དགའ་བའི་ཡི་རངས་དང་མིག་དཔེ་ཕྱག་ལེན་དུ་གདབ་རྒྱུའང་ཅི་ནས་ཁ་ཚ་དགོས་གཏུགས་སུ་མངོན།གཞན་སློབ་གྲྭའི་གཟའ་མཇུག་སྤྱི་སྡོམ་ཚོགས་འདུ་དང་ཁ་བརྡ་ཆེ་ཕྲ་ཆུང་གསུམ་ཀློད་པའི་སྐབས་སུའང་།ཁོས་དགེ་རྒན་གསོ་སྐྱོང་ཞེས་པའི་བརྗོད་གཞི་འདི་ཉིད་དབུགས་ཀྱི་འབྱིན་རྔུབ་ཡན་ཆད་ཡང་ཡང་བཟློ་བ་བྱེད་པར་ཅི་འདྲ་དགའ་ཨང་།དངོས་འབྲེལ།སློབ་གསོའི་སྒྲོམ་གཞི་འཐུས་ཚང་ཡག་པོ་ཞིག་གཉེར་དགོས་ན་ཐོག་མར་དགེ་རྒན་གསོ་སྐྱོང་སྟེ།དགེ་རྒན་གྱི་ལྷག་བསམ་དང་འཇོན་ནུས་གསོ་སྐྱོང་བྱ་རྒྱུ་ནི་གལ་ཆེན་ཞིག་ཅི་ལ་མིན།མཐར་གཏུགས་ན་དགེ་རྒན་ནི་སྲོག་ཤིང་དུ་འཆེས་པའི་སློབ་གསོའི་སྤུས་ཚད་འཕེལ་འགྲིབ་ཀྱི་ཁག་ཐེག་དང་རྩ་བའི་རྩ་བ་ཡིན་ཕྱིར།དེའང་སྣང་མེད་དུ་འཇོག་ག་ལ་རུང་།
༤
གཡོ་དང་ནག་ནོག་གིས་མ་ཟིན་པའི་མིག་མདུན་གྱི་གཅེས་ཕྲུག་རེ་རེ་ནི་ཁོའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་འཛིན་ཞིང་།ལྷག་བསམ་མཐོ་བའི་ཕ་མ་ལྟར་དུས་རྒྱུན་འགྲོ་འཆག་ཉལ་འདུག་སོགས་ཀྱི་ཐད་སྐད་ཆ་མང་པོ་ཤོད་མཁན་ཞིག་ཀྱང་རེད།ཁོ་ནི་ཀུན་སློང་གཙང་མས་སློབ་མར་ཤ་ཚ་ཞིང་འགན་འཁྲི་ཅི་ཡོད་ཕྲག་པར་ལེན་མཁན་གྱི་རིགས་སུ་ཐེ་བས།དེ་ཚོའང་རང་བཞིན་གྱིས་ཁོ་ལ་དགའ་བར་མ་ཟད།སྐྲག་ཀྱང་སྐྲག། ད་དུང་།སྨྲ་བ་ཉུང་ཞིང་གཅོམ་སྐྱུངས་བབ་ཆགས་ཀྱི་བརྟུལ་ཞུགས་འཛིན་པའི་ཁོ་ནི་ཚང་མའི་མིག་རྒྱན་དུ་བལྟས་ཆོག། རྫུན་གསོབ་དང་ཤེས་མདོག། གནོད་སེམས་ཀྱི་རིགས་ནི་ཁོ་སྡང་བའི་ཡུལ་ཅན་ཡིན་ཚོད་འདུག། གང་ལྟར།ཁོའི་ལུས་སྟེང་ནས་ངས་མང་པོ་མང་པོ་ཞིག་སྦྱོང་ཐུབ་སོང་བར་དྲན་དུས།ད་གཟོད་འཐུས་ཤོར་དང་འགལ་འདུའི་ཕུང་བོ་ཇི་སྙེད་ཅིག་བདག་གི་མི་ཚེའི་ཕུག་ན་ལྐོག་གྱུར་དུ་མཆིས་པ་ག་ལེར་གསེད་བཀྲོལ་བྱེད་འོང་།
༥
དུས་ཀྱི་གཙང་པོའི་ཀློང་ནས།ཁོའི་ཁ་ཞེ་གཉིས་མེད་ཀྱི་ལས་ཀ་བྱེད་པའི་བརྩོན་སེམས་དང་།མཆོག་ཏུ་མངའ་བའི་སྙིང་སྟོབས་ཀྱི་བདེན་པས་ང་ཚོར་བློ་བསྐྱེད་དང་ནུས་ཤུགས་མི་ཉུང་བ་བསྩལ་ཡོད་པའི་ཡིད་ཆེས་ལྷག་ཏུ་ཡོད།
༦
ན་ཚོད་ཀྱི་རྐྱེན་པས་ཁོང་སློབ་གསོའི་ལས་རྐང་འདི་དང་བྲལ་ཏེ་ངལ་གསོ་བྱེད་ཀྱིན་སྡོད་ནའང་།རྗེས་ལུས་ཀྱི་གྲལ་དུ་འཚང་བའི་ཁམས་ཉག་རོང་གི་སློབ་གསོའི་བསྟན་པའི་འཕྲིན་ལས་ཕྱོགས་མཐར་སྤེལ་བར་ཡོད་ཚད་བློས་བཏང་མྱོང་པའི་རྒྱུ་འདི་དག་ལ།ནམ་ཞིག་འབྲས་བུ་ཕུན་ཚོགས་ཤིག་མངོན་པར་ཤར་བ་ནི་མི་བསླུ་བའི་གནས་ལུགས་གཤའ་མའོ།མདོར་ན།ལས་ཀྱིས་ཕན་ཚུན་གྱེས་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་གཤིས།ངས་ནི་འདུ་འབྲལ་གྱི་ཆོས་ཉིད་ལ་རེ་ཞིག་གུ་ཡངས་གཏོང་ཞོར།མ་འོངས་པའི་ལོ་ཟླའི་ནང་ཁོང་གི་སྐུ་གཟུགས་གསལ་ཐང་དང་མི་ཚེའི་དམིགས་པ་ཡོད་ཅོག་ལམ་ལྷོང་འབྱུང་བའི་སྨོན་འདུན་ཞུ།ཁྱེད་ཀྱི་བླ་ན་མཐོ་བའི་བཀའ་དྲིན་དང་བརྩེ་བའི་འོ་དྲི་དང་འགྲོགས་པའི་ཅི་བྱས་ཡོད་རྒུ།ཕྱི་རབས་ང་ཚོའི་དྲན་པའི་བང་རིམ་འཛུལ་ཏེ་གཞར་ཡང་བརྗེད་མི་སྲིད།བརྗེད་མི་སྲིད། ༼ ཞོ་ར་བསམ་འགྲུབ་རྒྱལ། ༽