འདི་ན་མཁས་དང་གྲུབ་པའི་ཁྱུ་མཆོག་ཅིག །
གསེར་སྦྱངས་རྒྱ་ཕིབས་འོག་ཏུ་འཚོ་བཞིན་དུ། །
ལྷག་བསམ་ཟོལ་མེད་སློབ་མར་བྱམས་པའི་གཉེན། །
མཚུངས་མེད་སློབ་དཔོན་དམ་པ་གང་གིས་གཞལ། །
དགྱེས་ཞལ་ཟླ་བ་དཀར་པོ་རྒྱས་པའི་གཞོན། །
སློབ་ཚོགས་སྐར་མའི་གྲངས་མཐའ་རབ་ཏུ་མོད། །
གང་གི་མཛད་འཕྲིན་ཚུལ་མཐོང་བློ་ཡིད་དུ། །
ཤོང་པ་དཀའ་བ་ནམ་མཁའི་དཔེ་ལྟར་འགྲིག །
ས་སྟེང་ཁྲི་ལ་འགོད་ན་འགོད་རན་འདུག །
ཡོངས་ཀྱི་མགོན་དུ་བཞུགས་ན་བཞུགས་ཀྱང་འོས། །
ལྷག་བསམ་གངས་དཀར་རི་བོའི་ཕ་མཐའ་ན། །
དངོས་སློབ་མེ་ཏོག་དཀར་དམར་ཡུན་གྱིས་བཞད། །
འཆད་ན་ཡག་པ་སྨྲ་བར་མངའ་བརྙེས་ཤིང་། །
རྩོད་ན་ལོག་རྟོག་བཅོམ་པའི་རིགས་ལམ་མྱུར། །
རྩོམ་ན་དབྱངས་ཅན་རྒྱུད་མངས་ཕྱག་ཏུ་ཐོགས། །
མགོན་ཉིད་བདག་གི་སློབ་དཔོན་དངོས་དེ་ཡིན། །
རིག་བྱེད་སྙན་དབྱངས་ངག་ལ་འགུག་འགུགས་ནས། །
རི་རྩེ་རྒྱང་ནས་འཚོ་བ་རོལ་རོལ་ནས། །
ནམ་ཡང་ཕྱིར་དྲན་ཀློང་དུ་ཡལ་མེད་པ། །
དགེ་བའི་བཤེས་གཉེན་དག་གི་བཀའ་དྲིན་ནོ། །
དབྱངས་གསལ་མེ་ཏོག་འཐུ་བའི་སྐབས་དུས་ནས། །
རིགས་གཞུང་རྒྱ་མཚོར་འཇུག་པའི་བར་གླེགས་སུ། །
ཐུགས་རྗེ་ཡོལ་བ་མེད་པར་གཟིགས་མཛད་པའི། །
མི་བུ་ལྷག་བསམ་ཅན་དེ་རྒྱལ་གྱུར་ཅིག །
འཚོལ་ཞིང་སྙེག་པའི་ལམ་ཆུང་འདི་ག་ནས། །
ནམ་ཡང་བརྗེད་དུ་མེད་པའི་སྐར་ཆེན་དེ། །
བདག་གི་ནམ་མཁའ་ཡངས་པོར་འཁོར་འཁོར་ནས། །
བརྩེ་བའི་མེ་ཏོག་ཚོད་མེད་འཐོར་བ་ཨང་། །
ཉི་འོད་རི་ནས་མཐོང་བའི་གནམ་ཐང་དུ། །
ཟླ་བའི་འཛུམ་ཆུང་རྒྱས་པའི་དགུང་མཐའ་ནས། །
དུས་ཀྱི་མཁའ་ལ་འཕུར་བའི་བཤེས་གཉེན་དག །
བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་ལམ་འདེབས། །
༼ ཁམས་ཟླ་སྲས། ༽