རྒྱལ་ནང་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཕེལ་རྒྱས་སོང་བ་དང་བསྟུན་ནས་དཔལ་ཡུལ་རྫོང་དུ་གནས་པའི་དཔལ་པ་ཁོག་གི་ལྐོག་གྱུར་གྱི་གསང་བ་རིམ་བཞིན་བརྟོལ་ནས་ཡུལ་སྐོར་བ་མང་པོ་ཞིག་དགའ་ས་དང་བརྩེ་སར་གྱུར་ཡོད་ཅིང་། ཉེ་ཆར་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་ཚོ་དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་མངའ་ཁོངས་སུ་གནས་པའི་སྦས་པའི་གནས་མཆོག་ཏུ་འཛོམས་ནས་མཛེས་ལྗོངས་མིག་དབང་འཕྲོག་པ་པར་མིག་ཏུ་བླངས་ཤིང་རང་བྱུང་གི་ལེགས་སྐྱེས་བཟང་པོར་ཉམས་སུ་མྱོང་པ་རེད།
པེ་ཅིང་གི་ཡུལ་སྐོར་བ་ཀྲང་ལགས་དང་ཅང་ལགས་སོགས་གྲོགས་པོ་རྣམས་དཀར་མཛེས་ཁུལ་དུ་འཁོར་གཏོང་ཡུལ་སྐོར་ལ་ཡོང་ཞིང་། དཔལ་པ་ཁོག་གི་མཛེས་ལྗོངས་ཀྱིས་ཁོ་ཚོའི་མིག་དབང་ཅིག་ཅར་དུ་འཕྲོག་ལ། ཡིད་དབང་ཚད་མེད་བཀུག་ཡོད། ཀྲང་ལིན་ན་ཡིས་དེ་རིང་ང་ཚོས་ཚོད་ལྟ་བྱེད་པའི་རྣམ་འགྱུར་བཟུང་ནས་ཡོང་བ་ཡིན་ཡང་། འདིར་སླེབས་རྗེས་ཡུལ་ལྗོངས་མཛེས་སྡུག་གིས་ང་ཚོ་ཧ་ལས་ཧོན་ཐོར་སོང་། མཚེའུ་འགྲམ་དུ་ཁོ་ཧྥེ་ཅོག་ཙེར་བསྒྲིགས་ཏེ་མིག་དབང་གིས་མཛེས་ལྗོངས་ལོངས་སུ་སྤྱོད་ཞོར་ལྕེ་དབང་གིས་བདུད་རྩི་ལ་རོལ་ཏེ་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཆོག་གི་འདུག་ཅེས་བཤད་པ་དང་། ཅང་ལགས་ལོ་ལྟར་དཀར་མཛེས་ཁུལ་ལ་ཡོང་བ་ཡིན་ཡང་ད་ཐེངས་དཔལ་པ་ཁོག་ལ་སླེབས་ཐེངས་དང་པོ་ཡིན་པས་ཁོ་ལ་སེམས་འགུལ་ཚད་མེད་ཐེབས་ནས་སླེབས་མ་ཐག་ང་ཚོས་མ་བགྲོས་རང་མཐུན་ངང་ཡ་མཚན་ཆེན་པོས་སྐད་ངག་དབང་མེད་དུ་ཤོར་ཅིང་། ངོ་མ་ལྷ་ཡུལ་འདིར་འཕོས་པ་དང་ཨ་ན་མ་ན་རེད་ཅེས་བསྔགས་བརྗོད་བྱས།
དཔལ་པ་ཁོག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ནི་དེའི་ས་གཤིས་གྲུབ་རྐྱེན་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཀྱི་བྱིན་རླབས་ལས་བྱུང་བ་ཡིན་ཞིང་། ཧོར་ལུང་ཁོག་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་ཤིག་ཡིན་པའི་ཆ་ནས། དེ་གར་མཚེའུ་ཆགས་པ་དང་། ཐཱན་སྐྱུར་ཀལ་ཞུ་འབྱེད་ལས་གྲུབ་པའི་མཚེའུ་ནི་ཧ་ཅང་དྭངས་ཤིང་གསལ་བ་ཡིན་ལ་མཐའ་འཁོར་གྱི་གནའ་བོའི་ཤིང་སྡོང་དང་གཟུགས་རིས་མཚར་བའི་རི་རྩེ་དེ་དག་རི་མོ་མཁན་གྱིས་བྲིས་པ་ལྟ་བུ་མཛེས་ཤིང་སྡུག་པས་མ་ཚད་བྱ་བྱིའུ་ཡི་སྐད་སྙན་ལས་སྟོང་ལྷང་ངེར། ལྷོད་ཤིག་གེར་དག་པའི་ཞིང་ཁམས་ལོས་ཡིན་སྙམ་པའི་སྣང་བ་ཞིག་དབང་མེད་དུ་སྐྱེས་ཐུབ།
རང་བྱུང་ལྷད་མེད་ཀྱི་མཛེས་ལྗོངས་འདིས་ང་ལ་ལུས་བདེ་སེམས་སྐྱིད་ཀྱི་སྣང་བ་ཁོ་ན་ལས་དེ་མིན་ཅི་ཡང་བྱིན་མ་བྱུང་ཞེས་པའི་སྐད་ཆ་ནི་ཀུའེ་ཀྲོའུ་ནས་ཡོང་བའི་ཡུལ་སྐོར་བ་ཁྲིན་ཆི་ཡིས་བཤད་པ་དང་། ཁོའི་མྱོང་ཚོར་དེ་ནི་ཡུལ་སྐོར་བ་གྲངས་མེད་ཀྱི་བཤད་འདོད་པའི་སྐད་ཆ་རེད། གྲོང་ཁྱེར་གྱི་ཟང་ཟིང་དང་བྲེལ་འཚུབ་ཀྱི་འཚོ་བ་ལས་བྲལ་ནས་དབེན་གནས་ཉམས་དགའ་བར་བག་ཕེབས་པོའི་ངང་འཚོ་བ་ཉིན་ཁ་ཤས་རོལ་བ་ན་ལུས་ཀྱི་ངལ་བ་སེལ་ཞིང་སེམས་ཀྱི་སྡུག་བསྔལ་དག་པའི་སྨྲ་བསམ་བརྗོད་མེད་ཀྱི་མྱོང་རོལ་འགྲུལ་བཞུད་ཐེངས་ཤིག་བྱ་ཡུལ་འདི་ཡིས་ཕྱོགས་བཞི་མཚམས་བརྒྱད་ལ་གནས་པའི་སྐུ་མགྲོན་ཡོངས་ལ་མགྲོན་བརྡ་གཏོང་བཞིན་མཆིས་སོ།། ( མིག་དམར་གྱིས་བསྒྱུར།)