ཕུན་ཚོགས་ནི་འབྲུ་ལྔའི་ཨ་རག་ཨན་ཅི་ཟོང་འགྲུལ་ཚོགས་པས་ལི་ཐང་རྫོང་མོ་ལ་གྲོང་རྡལ་དམག་ངན་གྲོང་སྡེར་མངགས་པའི་ཧྲུའུ་ཅི་དང་པོ་རེད།
ཕུན་ཚོགས་མཚོ་འཕགས་སྨི4000ལྷག་ཡོད་པའི་ལི་ཐང་རྫོང་མོ་ལ་གྲོང་རྡལ་དམག་ངན་གྲོང་སྡེར་ཐེངས་དང་པོར་སྐྱོད་སྐབས། ཁོའི་སེམས་སུ་ས་གནས་དེ་གའི་ས་ཆུ་གཙང་བ་དང་། མཁའ་རླུང་གཙང་བས་མ་ཚད། ནམ་མཁའ་སྔོན་པོར་ལག་པ་བསྲིངས་ནས་རེག་ཆོག་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས། ཡིན་ནའང་ལྷིང་འཇགས་སུ་གནས་པའི་རྐང་འོག་གི་ས་གཞི་ཆེན་པོར་ད་དུང་གོམ་པས་འཇལ་དགོས་པས་གནོན་ཤུགས་དྲག་པོ་ཞིག་ཀྱང་མཉམ་དུ་སྐྱེས་ཡོད། དེ་སྔར། འདི་གར་སི་ཁྲོན་ནུབ་རྒྱུད་ཀྱི་བེ་ནགས་རྒྱ་ཆེ་ཤོས་ལ་བརྩིས་ནས་སྲུང་སྐྱོང་བྱེད་བཞིན་ཡོད་མོད། འོན་ཀྱང་རི་ལམ་ཀྱག་ཀྱོག་བརྒྱུད་ནས་འགྲོ་འོང་ཧ་ཅང་དཀའ་བ་དང་འཚོ་དངུལ་བསྒྲུབ་རྒྱུར་དཀའ་ཚེགས་ཆེན་པོ་བྱུང་བས་ཡུལ་དེ་གའི་མི་སེར་ཚོར་ཡོང་སྒོ་མེད་ལ་འཚོ་བར་ཡར་རྒྱས་ཆེན་པོ་བྱུང་ཐུབ་མེད།
ཕུན་ཚོགས་ཀྱི་དམངས་དོན་ཉིན་ཐོ།
སྡེ་བ་ཧྲིལ་པོ་གནས་སྤོ་གྲོང་སྡེ་ཡིན་པ་དང་།གྲོང་སྡེའི་ནང་གི་དུད་ཚང76རྫོང་ཁུལ་གྱི་ས་ཆ་གང་སར་ཁ་ཐོར་དུ་ཆགས་ཡོད་ཅིང་།དཀའ་ངལ་ཡོད་པའི་དུད་ཚང33དང་།མ་མཐའི་འཚོ་རྟེན་འགན་བཅོལ་དུད་ཚང10། དབང་པོ་སྐྱོན་ཅན་དུད་ཚང15ཡོད་པ་རེད། གྲོང་སྡེའི་བཅའ་སྡོད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་གནས་ཚུལ་དེ་དག་ནི་ཁོའི་ཕྲག་ཐོག་གི་ལས་འགན་དང་སེམས་ནང་གི་གནོན་ཤུགས་སུ་གྱུར།
དེར་བརྟེན།ཁོས་ལས་དོན་གྱི་དབང་གིས་དུད་ཚང་རེ་རེར་བསྐྱོད། ལ་དུག་ཕོག་ནས་མགོ་ན་ཡང་གོམ་མཚམས་གཏན་ནས་བཞག་མ་མྱོང་། རྟ་མགྲིན་སྒྲོལ་མ་ཚང་གི་བུ་ཕྲུག་གསུམ་གྱི་སློབ་ཡོན་རྩིས་ཐོ་ཅོག་ཙེའི་སྟེང་དུ་བཞག་ཡོད་པ་དང་། རྣམ་རྒྱལ་ཚང་ནད་གཞི་ཆེན་པོ་ཞིག་གིས་ཁྱིམ་གཞིས་ཚང་མ་སྟོང་བར་བཟོས། ཆོས་འཕེལ་ཚང་གིས་བུ་ཕྲུག་སློབ་གྲྭ་གང་འདྲ་ཞིག་ལ་གཏང་དགོས་མིན་མི་ཤེས་པར་སེམས་ཁྲལ་བྱེད་བཞིན་འདུག། ཡུལ་མི་ཚོར་འཕྲད་པའི་སུན་སྣང་གི་དོན་དག་ཚང་མ་ཁོའི་ཟིན་བྲིས་ནང་དུ་བཀོད་ཡོད་ལ། དེ་དག་ནི་ཁོ་ལ་མཚོན་ན་བསམ་གཞིག་ཅིག་དང་འགན་འཁྲི་ཞིག་ལས་མ་འདས།ཁོས་མི་སེར་རྣམས་ཀྱིས་འབོད་བདེ་ལ་ཕན་ཚུན་བར་གྱི་བརྩེ་བ་ཇེ་ཉེར་ཕྱིན་ཕྱིར་རང་ལ་ཕུན་ཚོགས་ཞེས་པའི་བོད་མིང་ཞིག་བཏགས་པ་རེད།
གྲོང་སྡེའི་ནང་དུ་ལས་སྒྲུབ་ཁང་ཡང་ན་གཏམ་བཤད་ཁང་པ་ཡག་པོ་ཞིག་གཏན་ནས་མེད་པས། ཚོགས་འདུ་འཚོག་སྐབས་ཡུལ་མི་ཚོའི་སྡོད་ཁང་རེས་བསྐོར་ནས་གཡར་དགོས་ཤིང་། ངས་གནས་ཚུལ་དེ་འབྲུ་ལྔའི་ཨ་རག་ཨན་ཅི་ཟོང་འགྲུལ་ཚོགས་པར་ཞུས་ནས་མ་དངུལ་སྒོར་ཁྲི100བརྩོན་ལེན་བྱས་པ་ཡིན། ཡུན་རིང་མ་སོང་བར་དམག་ངན་གྲོང་སྡེར་རང་ཉིད་ཀྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཡོད།
མཁའ་དབྱིངས་གྲོང་ཁྱེར་ནས་ཐོན་པའི་ཤ་མོ།
གྲང་ངར་ཆེ་བའི་ས་ཁུལ་གྱི་ས་རྒྱུ་ཅུང་ཞན་ཡང་ཐོན་ལས་ལ་རྩ་བ་འཛུགས་དགོས། ཡུལ་མི་རྣམས་ལ་འཚོ་བའི་གྲོན་དངུལ་ཡོང་ཐབས་སྤྲད་དགོས་ན་ངེས་པར་དུ་ཐོན་ལས་དངོས་ལ་བརྟེན་དགོས་པ་ངས་ཤེས་ཀྱི་ཡོད། ལོ་འགའི་གོང་ལ། འབྲུ་ལྔའི་ཨ་རག་ཚོགས་པས“མཁའ་དབྱིངས་གྲོང་ཁྱེར”གྱི་མཚོ་འཕགས་མཐོ་བ་དང་སྦགས་བཙོག་མེད་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས“འབྲུ་ལྔའི་ཨ་རག·ལི་ཐང་ཤིང་འབྲས་དང་སྔོ་ཚལ་ཤ་མོ་ཐོན་ལས་དཔེ་སྟོན་རྟེན་གཞི”བསྐྲུན་པ་དང་།“ཐོན་སྐྱེད་དང་བཟོ་སྣོན། ཕྱིར་ཚོང་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་ཐོན་ལས་སྐྱེ་ཁམས་རིམ་བཞིན་མཐོ་སྒང་ས་ཆར་བརྟན་པོར་ཆགས་ཡོད།
ཚོང་ལམ་ནི་ཐོན་ལས་ཀྱི་ཤི་གསོན་ཐག་གཅོད་བྱེད་པའི་སྲོག་རྩ་ལྟ་བུ་ཡིན། འབྲུ་ལྔ་ཨ་རག་ཚོགས་པས “ཉོས་ནས་ཞལ་འདེབས་ཀྱི་ཚབ་བྱེད་པའི”ཡུན་ཕན་ལམ་སྲོལ་ལ་བརྟེན་ནས། དུས་ཆེན་གྱི་ཉོ་སྒྲུབ་དང་ལས་བཟོ་པའི་རྒྱུན་ལྡན་གྱི་འདེམས་ཉོ་བརྒྱུད། བསྡོམས་འབོར་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི2600ལས་བརྒལ་ཡོད། གྲོང་སྡེའི་ཤ་མོ་དང་མོག་རོ་སྐམ་པོ་ཁོ་ན་རྒྱ་མ་ཁྲི10ལས་བརྒལ་ཡོད། དེ་དང་ཆབས་ཅིག་གཅེས་སེམས་སྒོ་རྩིས་ཚོང་ཁང་བཅས་དྲྭ་ཐོག་དང་དྲྭ་རྒྱབ་སྟེགས་བུ་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་ནས་ལོ་གཅིག་ནང་དན་ཐོ་སྒོར་ཁྲི100ལྷག་ཐོབ་ཡོད།
ཤ་མོ་དེ་ཐག་རིང་དུ་འཚོང་ཐུབ་པ་དང་རིན་ཐང་དེ་བས་མཐོ་རུ་འགྲོ་ཆེད། སྤུས་རྟགས་རིམ་སྤོར་བཏོད་ཡོད་པ་དང་ཆབས་ཅིག་ཨན་ཅི་ཟོང་འགྲུལ་ཚོགས་པའི་རང་ངོས་ཟོང་འགྲུལ་མཁོ་སྤྲོད་འབྲེལ་ཐག་གི་ལེགས་ཆ་འདོན་སྤེལ་བྱས་པས་ཤ་མོ་བཏུས་ནས་འཛད་སྤྱོད་པའི་ལག་ཏུ་འཕྲོད་པར་ཆུ་ཚོད24ལས་མི་འགོར།
ཐོན་ལས་དར་རྒྱས་དང་སྟོབས་ཆེར་གཏང་དགོས་ན། གནད་འགག་ནི་ཡུལ་མི་ཚང་མར་རག་ལས་ལ། ང་ཚོས་ཤ་མོ་རྟེན་གཞིར་རྩལ་ནུས་གསོ་སྦྱོང་དང་ལྡེམ་ཤུགས་ལྡན་པའི་ལས་བཟོ་བྱེད་པའི་ཐབས་ལམ་གསར་པ་ཚོད་ལྟ་བྱས་ཡོད་པས་ཡུལ་མི་རྟ་མགྲིན་ལྷ་མོ་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད།
ཁྱིམ་གྱི་ཀ་བ་ལྟ་བུའི་རྟ་མགྲིན་ལྷ་མོ་ལོ་གཉིས་ཙམ་གྱི་གོང་ལ་ཀོང་ཏུང་གི་གློག་རྡུལ་བཟོ་གྲྭའི་འཁོར་རྒྱུག་ལམ་ཐིག་ཐོག་ཉིན་མཚན་དབྱེར་མེད་བྲེལ་བ་ཆེན་པོ་བྱེད་བཞིན་ཡོད། ངས་མོར་རྟེན་གཞིར་ཡོང་ནས་ཚོད་ལྟ་བྱེད་པར་སྐུལ་མ་བྱས། དང་ཐོག་མོས་སེམས་ཁྲལ་ཆེན་པོས“ཧྲུའུ་ཅི་ཕུན་ལགས། ངས་ཡི་གེ་ཡང་མི་ཤེས། འདི་སྒྲུབ་ཐུབ་བམ”ཞེས་བཤད།“ཞིང་ཁའི་སློབ་ཚན”ནས་ལག་རྩལ་སྦྱོང་བ་བརྒྱུད། མོས་ད་ལྟ་རང་ཉིད་ཀྱི་དུས་ཚོད་ལྟར་སྟབས་བསྟུན་ངང་ཤ་མོ་ཁང་དུ་ལས་ཀ་བྱས་ནས་སྒོར་མོ་བཙལ་ཐུབ་པར་མ་ཟད། ནད་ཀྱི་དབང་གིས་ངལ་རྩོལ་ནུས་པ་ཤོར་བའི་ཁྱོ་ག་དང་། སློབ་ཆུང་འདོན་བཞིན་པའི་བུ་མོ། དེ་བཞིན་ལོ་ན་རྒས་པའི་ཁྱོ་མོ་བཅས་ལ་ལྟ་རྟོག་བྱེད་ཐུབ་པས་ཁྱིམ་ལ་སེམས་ཁྲལ་བྱ་མི་དགོས། མོ་དང་འདྲ་བར་ཡུལ་མི10ལྷག་ལ་སྒོ་འགྲམ་དུ་གཏན་འཇགས་ཀྱི་ལས་ཀ་ཡོད་པ་དང་མི་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི3ཙམ་འཕར་ཡོད།
མི་སྒེར་གྱི་ཡོང་འབབ་ལས་གཞན་རྟེན་གཞིའི་དཔལ་འབྱོར་
མཐོ་སྒང་ས་ཆར་འཕུར་རྩལ་ མངོན་པའི་རྒོད་ཕྲུག།
ཕན་འབྲས་མཐོ་རུ་ཕྱིན་ཡོད། ཚད་ལྡན་ཅན་གྱི་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་རྗེས་གཞི་ཁྱོན་ཐོན་རྫས་རིན་ཐང་སྒོར་ཁྲི1000ལས་བརྒལ་ཡོད། ཁེ་བཟང་དེ་མཐར་ཐུག་ཡུལ་མི་ཚོའི་ཁེ་བཟང་ཡིན་ལ། ལས་གཞི་ཡོངས་ཀྱིས་དམག་ངན་གྲོང་སྡེ་ཚུད་པའི་ཡུལ་ཤོག4དང་གྲོང་སྡེ13ལ་ཐོན་ལས་ཀྱི་ཁེ་སྤོགས་ལོངས་སུ་སྤྱད་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་པས་རིམ་རྩིས་ཐོག་ཁེ་སྤོགས་སྒོར་ཁྲི300ལས་བརྒལ་ཡོད། དེའི་ནང་དམག་ངན་གྲོང་སྡེའི2024ལོར་ཁེ་སྤོགས་སྒོར་ཁྲི24.6བགོས་ནས་ལོ་ཧྲིལ་པོའི་ཐུན་མོང་དཔལ་འབྱོར་ཡོང་འབབ་བརྒྱ་ཆ150འཕར་རྒྱུར་སྐུལ་ཁྲིད་བྱས་པ་དེ་ཉེ་བའི་ལོ་ཤས་རིང་གི་མཐོ་ཤོས་ཡིན་པ་རེད།
ལོ་ཆུང་གཞོན་ནུ་རྣམས་ནི་ཐོག་མཐའ་བར་གསུམ་དུ་ཡུལ་གྲོང་འབྱུང་འགྱུར་གྱི་བདག་པོ་ཡིན་ཞིང་། ངས་མཐོ་སྒང་ས་ཆར་ལྟ་དུས་སེམས་སུ་གལ་སྲིད་ལོ་ཆུང་གཞོན་ནུའི་སེམས་ལ་ས་རྒྱུ་གཤིན་པོ་ཞིག་སྟེར་མ་ཐུབ་ན། ས་བོན་ཡག་པོ་ཞིག་ཡིན་ནའང་རྩ་བ་སྐྱེ་དཀའ་བ་ཞིག་རེད་སྙམ་བྱུང་། དེར་བརྟེན། ངས་གྲོང་སྡེའི་གཞོན་ནུ10ལྷག་གཞི་རིམ་དུ་ཁྲིད་ནས་སྲིད་དོན་དོ་དམ་དང་། ཐུན་མོང་དཔལ་འབྱོར་གཉེར་སྐྱོང་། གློག་རྡུལ་ཚོང་དོན་ཐད་གཏོང་སོགས་སྟེགས་བུའི་ཐོག་སློབ་སྦྱོང་དང་ལག་ལེན་བྱེད་བཅུག་པ་ཡིན།
ཀྲུང་དབྱིན་ནི་དེའི་ནང་གི་ཁོངས་མི་གཅིག་ཡིན། ཉིན་མོ་གྲོང་སྡེའི“ཨུ་ལྷན་གཉིས”དང་མཉམ་དུ་ལས་དོན་ཐག་གཅོད་བྱེད་པ་དང་དགོང་མོར་དཔེ་དེབ་པང་དུ་བཟུང་ནས་སློབ་སྦྱོང་བྱས། ཟླ་བ་གསུམ་ཙམ་གྱི་རྗེས་སུ། རྫོང་ཞིང་ལས་མ་འཇོག་སྤྱི་གཉེར་ཁང་དཔྱད་ཞིབ་མིང་ཐོའི་ནང་ཚུད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་རྐང་འཛིན་པར་གྱུར།
ང་ཚོས་རྟེན་གཞིར་སློབ་ཆེན་སློབ་མའི་ལས་གཏོད་ལས་གནས་བཏོད་ནས་ཕ་ཡུལ་དུ་ཕྱིར་ལོག་པའི་གཞོན་ནུ་ཚོའི་ཡིད་དབང་བཀུག་ཡོད། ཁོ་ཚོས་ཤ་མོའི་སིལ་ཟས་སོགས་བཟོ་སྣོན་ཐབས་ཤེས་ལ་བསམ་བློ་བཏང་བ་དང་། དམག་ངན་གྲོང་སྡེའི་ལག་རྩལ་ནུས་ལྡན་མི་སྣས་སྣེ་ཁྲིད་ནས་ཕ་ཡུལ་དུ་ཕྱིར་ལོག་པའི་ལོ་ཆུང་གཞོན་ནུ་ཚོ་དང་ཡུལ་མི་ཚང་མ་ཞུགས་པའི་ལས་སྒྲུབ་དཔུང་ཁག་ཅིག་འཛུགས་བཞིན་ཡོད།
ད་ལྟ་དམག་ངན་གྲོང་སྡེའི་རྣམ་པ་རྦད་དེ་བསྒྱུར་ཡོད་པ་སྟེ། ཟོང་འགྲུལ་ས་ཚུགས་ཀྱི་ཟོང་འཁོར་མང་པོ་བསྟར་བསྒྲིགས་ནས་ཡོད་ལ། ཤ་མོ་དྲོད་ཁང་ནང་གི་དྲོད་ཚད་ཚོད་འཛིན་སྒྲིག་ཆས་ལ་འོད་སྔོན་པོ་འཕྲོ་བཞིན་ཡོད། ལག་འཕྲིན་ཐད་གཏོང་ཁང་ནས་ཇ་བསྲུབས་མའི་དྲི་ཞིམ་འཐུལ་ཡོང་ལ། ང་ནི་སྔར་བཞིན་ནམ་མཁའ་དང་ཆེས་ཐག་ཉེ་བའི་ས་ཆ་འདི་ནས་དབྱང་དབུགས་དཀོན་ཡང་སྙིང་སྟོབས་མི་ཉམས་པར་ལས་ལ་བྲེལ་བཞིན་ཡོད། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་ནི་འདི་ལྟར་མཐོ་སྒང་གངས་རླུང་ཁྲོད་ནས་འཚར་ལོངས་འབྱུང་བཞིན་ཡོད་དོ།།
( ཀུན་དགའ་བསམ་གཏན་གྱིས་བསྒྱུར།)
