( ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་གྱ་ལྔ་པའི་པར་ངོས་གཉིས་པའི་འཕྲོར་མཐུད། )
ལེའུ་བཞི་པ། རྒྱལ་སྲིད་སྣ་བདུན་གྱི་འགྲེལ་བཤད།
དེ་ཡང་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚོན་བྱེད་བརྡ་རྟགས་རིག་པའི་ཡ་གྱལ་རྒྱལ་སྲིད་སྣ་བདུན་ནི་སྔོན་དུས་སུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ལས་ཕོ་བྲང་གི་རྩེ་ནས་བདེན་ཚིག་བརྗོད་པས་ཤར་ཕྱོགས་ཀྱི་ནམ་མཁའ་ནས་རྒྱལ་པོའི་མདུན་དུ་བབས་ཏེ་གང་དུ་འགྲོ་འདོད་པའི་ཡུལ་དེར་ཐོག་མར་འཁོར་ལོ་དེས་སྣ་དྲངས་ནས་འགྲོ་བ་དང་། དེ་དག་དང་མཉམ་དུ་རྒྱལ་སྲིད་གཞན་རྣམས་ཀྱང་འབྱོར་འོངས་བ་ཡིན་ཞེས་བཤད་སྲོལ་ཡོད་པ་ལྟར་རྒྱལ་པོའི་སྲིད་ལ་ཉེ་བར་མཁོ་བའི་རིན་པོ་ཆེ་མི་འདྲ་བ་བདུན་བྱུང་སྟེ། འཁོར་ལོ་དང་། ནོར་བུ། བཙུན་མོ། བློན་པོ། གླང་པོ་ཆེ། རྟ་མཆོག། དམག་དཔོན་རིན་པོ་ཆེ་བཅས་རྒྱལ་པོའི་སྲིད་ལ་ཉེ་བར་མཁོ་བའི་རིན་པོ་ཆེ་སྣ་ཁ་བདུན་བྱུང་ཡིན་དེ་དག་གི་མཚོན་བྱེད་བརྡ་རྟགས་ཀྱི་དོན་རྣམས་རེ་རེ་ནས་ཤེས་དགོས་ན་གཤམ་གསལ།
དེ་ཡང་བཤད་སྲོལ་ལྟར་ན་རྒྱལ་སྲིད་སྣ་བདུན་ནི་མི་རྣམས་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཕུན་སུམ་ཚོགས་པའི་སྟོབས་ལས་བྱུང་བ་ཡིན་ཞེས་བཤད་སྲོལ་བྱུང་བ་ཡིན་ལ། དེའི་འགྲེལ་ཚུལ་མི་འདྲ་བ་བཞི་སྟེ། དང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་འགྲེལ་ཚུལ་དང་། གཉིས་པ་སྨིན་གླིང་མཁན་པོའི་འགྲེལ་ཚུལ། གསུམ་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་འགྲེལ་ཚུལ་བཅས་གསུམ་དང་། དམངས་ཁྲོད་ཀྱི་འགྲེལ་ཚུལ་རྣམས་གཤམ་གསལ།
དང་པོ། འཁོར་ལོ་རིན་པོ་ཆེ།
གོང་ཞུས་ལྟར་སྔོན་དུས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ལས་བྱུང་བ་ཡིན་ཞེས་གསུངས་པ་ལྟར།
༡ འཁོར་ལོ་ནི་གསེར་ལས་བྱུང་བ་དཔག་ཚད་ལྔ་བརྒྱ་ཅན་རྩིབས་སྟོང་ཡོད་པ་ནམ་མཁའ་ལ་དཔག་ཚད་འབུམ་དུ་ཉི་མ་གཅིག་གིས་གླིང་བཞི་བསྐོར་ནུས་པ་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་རྒྱལ་བ་རྣམས་ལས་རྣལ་དུ་བཀོད་པ་ལྟ་བུ།
༢ འཁོར་ལོ་རིན་ཆེན་རྣམ་བཅུད་ལྡན། འཁོར་བའི་འཁོར་ཚོགས་རྒྱུན་བཅད་ནས། ཆོས་ཀྱི་འཁོར་ལོ་སྐོར་བྱེད་པ། སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག་ཅེས་གོང་གི་འགྲེལ་ཚུལ་སྣ་ཁ་གསུམ་དེ་ཆོས་ལུགས་ཀྱི་བཤད་སྲོལ་ཡིན།
དམངས་ཁྲོད་ཀྱི་འགྲེལ་ཚུལ། དེ་ཡང་འཕྲུལ་འཁོར་གྱི་རིགས་མཚོན་བྱེད་ནི་གནའ་སྔ་མོར་ཤིང་རྟ་འཁོར་ལོ་ཞིག་ཡིན་ཡང་དེང་སང་ནི་གློག་རྡུལ་རྩིས་འཁོར་དང་འཕྲུལ་འཁོར་གྱི་རིགས་ཀྱི་དོན་མཚོན་པར་མ་ཚད། འཁོར་ལོས་ཁྲིམས་ལུགས་ཀྱང་མཚོན། ང་ཚོའི་རྒྱུ་འབྲས་ཞེས་པ་དེ་འཁོར་ལོ་ལྟ་བུ་ཞིག་ལ་དཔེ་བཞག་ཡོད། དཔེར་ན། བོད་མི་རྒན་པ་ཚོས་ལོ་ཆུང་ཚོ་ལ་བསླབ་བྱ་རྒྱག་སྐབས་ཁྱེད་ཀྱིས་རྒྱུ་འབྲས་མེད་མཁན་གྱི་སྤྱོད་ངན་མ་བྱེད་མ་གཏོགས་ལས་རྒྱུ་འབྲས་ནི་ཁ་ཕོར་བའི་ཁ་ལ་འཁོར་ནས་ཡོང་རྒྱུ་རེད་ཅེས་རྒྱུན་དུ་བཤད་པ་ལྟར་དང་། རྒྱའི་གཏམ་དཔེ་ལའང་། རི་བོ་མི་འཁོར་ཆུ་བོ་འཁོར་ཞེས་འཁོར་ལོ་ལྟ་བུ་ཞིག་ལ་དཔེ་བཞག་ནས་བཤད་ཡོད། འཁོར་ལོ་འཁོར་ནས་འགྲོ་རྒྱུ་ས་བདེ་མོ་དང་མི་བདེ་ས་ཚང་མ་ལ་འདྲ་བ་ཡིན། དཔེ་དེ་བཞིན་དུ་རྒྱུ་འབྲས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་ནང་བཞིན་དུ། ཁྲིམས་ལུགས་ཀྱི་སྔོན་དུའང་མི་ཚང་མ་འདྲ་མཉམ་ཡིན། འདིར་གཙོ་བོ་རྒྱལ་པོའི་དབང་ཆ་ལ་བར་ཆད་དང་གནོད་པ་མེད་པར་མཚོན་བྱེད་ལ་འཁོར་ལོ་འདི་བཞག་པ་ཡིན། བོད་ཀྱི་ཁྲིམས་ལུགས་དེ་ཉིན་རེ་རེ་བཞིན་དུ་འཐུས་ཚང་དུ་གྱུར་ཏེ། སྔོན་རྗེས་སུ་ཁྲིམས་ལུགས་ཆེན་པོ་སོ་དྲུག་གི་རྨང་གཞིའི་ཐོག་སྲིད་འཛིན་གྱི་ཁྲིམས་ལུགས་དང་རྩ་འཛུགས་ཀྱི་ཁྲིམས་ལུགས། ཉེས་ཁྲིམས། དམངས་དོན་གྱི་ཁྲིམས་ལུགས། དམག་དོན་ཁྲིམས་ལུགས། གཞན་པ་ཁྲིམས་ལུགས་སོགས་གཏན་འབེབས་བྱས་ཤིང་། དེ་རྗེས་ཕག་གྲུ་གོང་མ་དང་། གཙང་པ་རྒྱལ་པོ། དགའ་ལྡན་ཕོ་བྲང་སོགས་ཀྱིས་སྔོན་རྗེས་སུ་ཞལ་ལྕེ་བཅུ་གསུམ་དང་། ཞལ་ལྕེ་བཅོ་ལྔ། ཞལ་ལྕེ་བཅུ་དྲུག། ཞལ་ལྕེ་བཅུ་གཉིས། བདེན་རྫུན་ཤན་འབྱེད་ཞལ་ལྕེ་ཉེར་གཅིག། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སོགས་ཁྲིམས་ལུགས་མང་པོ་ཞིག་གཏན་ཁེལ་བྱས་ཡོད་པ་ཡིན། ཡང་དཔེར་ན། ཉག་སྐེད་ཨ་མགོན་གྱི་ཁྲིམས་ལུགས་མི་ཆོག་བརྒྱད་ཅུ་གྱ་གཅིག་ལྟ་བུ་ཡིན། ཁོ་བོས་བརྟགས་ན་བོད་མི་རིགས་ནི་ཁྲིམས་སྐྱོང་གི་མི་རིགས་ཤིག་ཡིན་པའང་གསལ་པོ་མཚོན་ཡོད།
གཉིས། ནོར་བུ་རིན་པོ་ཆེ།
༡ མདོག་མཐིང་ཀ་དྲི་མ་མེད་པ་འོད་ཀྱིས་དཔག་ཚད་བརྒྱད་ཅུ་ཙམ་དུ་སྣང་བར་བྱེད་པའི་ནུས་པ་དང་ལྡན་པ། གླིང་བཞིའི་འགྲོ་བ་ཐམས་ཅད་ཀྱི་དབུལ་ཕོངས་སེལ་བ། འདོད་རྒུ་ཡིད་བཞིན་དུ་སྐོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཞིག་ཡིན།
༢ མི་ཆེན་པོའི་བརླ་ཙམ་ཟུར་བརྒྱད་པ་ཅན། རིམས་ནད་སེལ་བ་དང་དགོས་འདོད་སྟེར་བའི་ཡོན་ཏན་ལྡན་པའོ།།
༣ ནོར་བུ་རིན་ཆེན་མཆོག་དང་ལྡན། བསོད་ནམས་ཚོགས་གཉིས་མྱུར་རྫོགས་ཤིང། དགོས་འདོད་ཡིད་བཞིན་ཆར་ལྟར་འབེབས། ལྷན་ཅིག་ནོར་བདུན་ཕྱུག་པར་ཤོག་ཅེས་པའོ།།
དམངས་ཁྲོད་ཀྱི་འགྲེལ་ཚུལ། རྒྱལ་པོའི་མཛོད་སོགས་ལས་ཐོན་པའི་དངོས་རྫས་རྙིང་པ་རྩ་ཆེན་དཔེར་ན་གཟི་དང་བྱུ་རུ་མཚོན་ཆ་རྫ་ཆས་སོགས་ཡར་སྤུངས་ཡོད་པའི་རྣམ་པ་མཚོན་བྱེད་ཅིག་ཡིན་ལ། ཚུལ་དེའི་ལོ་རྒྱུས་ནི་ད་ལྟའི་ལྷ་ས་དང་ཨ་མདོའི་ས་ཁུལ་དུ་རྙེད་པའི་ལི་ཆས་ཀྱིས་བདེན་དཔང་བྱེད་ཐུབ་ལ། ད་ལྟའི་མཚོ་སྔོན་དང་། ཀན་སུའུ། ལྷ་ས། སི་ཁྲོན། ཡུན་ནན་སོགས་བོད་ཀྱི་ས་ཁུལ་ནས་ཐོན་པའི་རྫ་ཆས་ཀྱི་རྒྱུ་སྤུས་སོགས་ཀྱིས་ར་སྤྲོད་བྱས་ཡོད་པ་ནི། ལོ་དྲུག་སྟོང་ནས་ཁྲིའི་ཡར་སྔོན་ནས་བོད་རིགས་མེས་པོ་རྣམས་ཀྱི་རྫ་ཆས་བཟོ་བའི་ལག་རྩལ་ཡང་རྩེར་སོན་བྱུང་ཡོད་པའང་མཚོན་ལ་ནོར་བུ་ཞེས་བྱའོ།།
གསུམ། བཙུན་མོ་རིན་པོ་ཆེ།
༡ བཙུན་མོ་རིན་པོ་ཆེ་ནི་གཟུགས་མཛེས་ཤིང་བལྟ་ན་སྡུག་པ། བུད་མེད་ཀྱི་སྐྱོན་ཐམས་ཅད་བྲལ་ཞིང་ཡོན་ཏན་དང་ལྡན་པ། ཡིད་དུ་འོང་བའི་ཚིག་འཇམ་པོ་དང་རེག་བྱ་འཇམ་བག་ལྡན་པ་ལ་སོགས་ཡོད་པ་ཡིན།
༢ བཙུན་མོ་ནི་ལུས་ལ་ཙནྡན་དང་ཨུཏྤལའི་དྲི་བྲོ་བ། བུད་མེད་ཀྱི་སྐྱོན་དང་བྲལ་བ་འགྲོགས་པར་བདེ་བ། སྐྱེ་བོ་ཀུན་གྱིས་མ་དང་སྲིང་མོ་ལྟར་མཐོང་ཞིང་ལྟ་ན་སྡུག་པ་ཡིན།
༣ བཙུན་མོ་རིན་ཆེན་བསོད་ནམས་གཏེར། ཕ་རོལ་ཕྱིན་བཅུའི་གཟུགས་དང་ལྡན། ཚེ་དང་ལོངས་སྤྱོད་རྒྱས་པ་དང་། ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག་ཅེས་སོ།།
དམངས་ཁྲོད་ཀྱི་འགྲེལ་ཚུལ། སྤྱིར་རྒྱལ་པོའི་བཙུན་མོ་ནི་མཛེས་མའི་ཡོན་ཏན་བརྒྱད་དང་ལྡན་པ་ཕྱིའི་རྣམ་པ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པར་མ་ཟད། ནང་གི་ཤེས་རིག་དང་ཡོན་ཏན་དང་སེམས་བཟང་ལུགས་བཅས་གཞན་ལས་ཁྱད་པར་དུ་གྱུར་པ་རང་ཉིད་ཀྱི་རིགས་རྒྱུད་སྤེལ་སའི་ཞིང་ས་གཤིན་པོ་ལྟ་བུ་མཚོན་བྱེད་དུ་རི་མོ་འདི་འདྲ་ཞིག་འབྲི་སྲོལ་དར་བ་ཡིན་ཞིང་། དེ་ཡང་མཛེས་མའི་ཡོན་ཏན་བརྒྱད་ནི། སྐྱེས་པ་མེད་ཀྱང་ཉོན་མོངས་ཀྱི་དབང་དུ་མི་འགྲོ་བ། ཁྱིམ་ཐབ་ལ་སྙིང་ཉེ་བ། བུ་མང་དུ་བཙའ་བ། ལུས་ཚུགས་ཐུབ་པ། སྨྲ་བ་མང་པོ་མེད་པ། སེམས་དྲང་བ། ཕྱི་ཐག་རིང་བ། ལས་ལ་ཡང་ཞིང་ལག་འབྲས་གཙང་བ་བརྒྱད་ལ་མཛངས་མའི་ཡོན་ཏན་བརྒྱད་ཅེས་བརྗོད་པ་རེད།
བཞི། བློན་པོ་རིན་པོ་ཆེ།
༡ བློན་པོ་རིན་པོ་ཆེ་ནི་རྣམ་ཐོས་ཀྱི་བུ་ལྟ་བུ་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ། རྒྱལ་པོས་སྟོང་གསུམ་གསེར་གྱིས་ཁོངས་ཤིག་ཅེས་བཀའ་སྩལ་ནའང་སྐད་ཅིག་གིས་སྒྲུབ་ནུས་ཤིང་གཏོང་ཕོད་ཆེ་བའི་བསོད་ནམས་དང་ལྡན་པ།
༢ བློན་པོ་ཡུལ་འཁོར་སྐྱོང་བའི་བྱ་བ་ཀུན་ལ་མཁས་ཤིང་མཛངས་པ། ཕས་རྒོལ་ཟིལ་གྱིས་གནོན་པའི་མཐུ་དང་གཟི་བརྗིད་མངོན་པར་འཕགས་པ།
༣ བློན་པོ་རིན་ཆེན་དམག་དཔོན་མཆོག། བརྩོན་འགྲུས་གོས་གྱོན་འཁོར་བ་འཇོམས། ཐབས་ལྡན་སྐྱབས་མཆོག་དབང་ཐོབ་ནས། འཇིག་ཚོགས་ལྟ་བ་འཇོམས་པར་ཤོག་ཅེས་སོ།།
དམངས་ཁྲོད་ཀྱི་འགྲེལ་ཚུལ། བསམ་པ་དཀར་ཞིང་བློ་ཁོག་ཡངས་ལ་ཤེས་ཡོན་གྱིས་ཕྱུག་པའི་མི་བཟང་པོ་དཔེར་ན། སྲོང་བཙན་སྒམ་པོའི་བློན་པོ་མགར་དམ་པ་ལྟ་བུ་ཞིག་མཚོན་པར་བྱེད་པ་ཡིན།
ལྔ། གླང་པོ་རིན་པོ་ཆེ།
༡ གླང་པོ་རིན་པོ་ཆེ་ཐལ་དཀར་མཆེ་བ་དྲུག་དང་ལྡན་པ་སྤྱི་གཙུག་དམར་ཞིང་དཔངས་མཐོ་བ། ནོར་བུའི་དྲ་བས་གཡོགས་ཤིང་གླང་ཕལ་བ་སྟོང་གི་སྟོབས་མངའ་བ། ཤིན་ཏུ་མགྱོགས་ཁྱད་དང་ལྡན་པ་གླང་ཆེན་ས་སྲུང་གི་བུ་ལྟ་བུ།
༢ གླང་པོ་ཆེ་ནི་ཅང་ཤེས་ཤིང་བཀའ་ལ་ཉན་པས་ཕ་རོལ་རྒྱལ་བར་བྱེད་པ་རབ་བརྟན་གྱི་བུ་གླང་པོ་སྟོང་གི་སྟོབས་ཡོད་པ། གཡུལ་འགྱེད་པའི་ཚེ་ཉིན་གཅིག་ལ་འཛམ་གླིང་ལན་གསུམ་དུ་སྐོར་ནུས་པ།
༣ གླང་པོ་རིན་ཆེན་ཐེག་པ་ཆེ། བདུད་སྡེ་འཇོམས་པ་གཅིག་ཏུ་ལྡན། སྟོབས་བཅུས་བདག་གཞན་དོན་བྱེད་ཅིང། ཡང་དག་སྙིང་པོའི་དོན་རྟོགས་ཤོག་ཅེས་སོ།།
དམངས་ཁྲོད་ཀྱི་འགྲེལ་ཚུལ།གླང་ཆེན་བཏུལ་ནས་ཅ་ལག་སོགས་སྐྱེལ་འདྲེན་བྱེད་ས་མཆོག་ཏུ་གྱུར་པ་ཞིག་ཡིན་པས་གླང་པོ་རིན་པོ་ཞེས་མིང་བཏགས་ལ། སྐབས་དེར་བོད་མི་རྣམས་ཀྱིས་ཤ་བ་ཕོ་མོ་བཏུལ་ནས་བ་གླང་དང་། འབྲོང་ཕོ་མོ་བཏུལ་ནས་འབྲི་དང་གཡག། རྐྱང་ཕོ་མོ་བཏུལ་ནས་རྟ་ཕོ་དང་རྒོད་མ། རྣ་བའམ་གནའ་བ་ཕོ་མོ་བཏུལ་ནས་ལུག་མ་མོ་དང་ཐོང་བ། རྒོ་བ་ཕོ་མོ་བཏུལ་ནས་ར་མ། སྤྱང་ཀི་བཏུལ་ནས་སྒོ་ཁྱི་བྱས་པ་སོགས་ལས་འབྲོག་པའི་ཕྱུགས་ལས་དར་བ་དང་། ཞིང་ལས་དང་ཨར་ལས། ལུགས་བླུག་རྒྱུ། ལམ་ལས་རྒྱུ་དང་ཟམ་པ་འཛུགས་རྒྱུ་སོགས་དར་བར་མཚོན་པ་ཡིན།
དྲུག། རྟ་མཆོག་རིན་པོ་ཆེ།
༡ རྟ་མཆོག་རིན་པོ་ཆེ་མདོག་སྔོན་པོ་རྨ་བྱའི་མགྲིན་པའི་སྤུ་ལྟ་བུ་ཡིད་དུ་འོང་བ། ནད་མེད་ཅིང་འཚེར་སྐད་རྒྱང་རིང་དུ་ཁྱབ་པ། རྒྱལ་པོའི་ཐུགས་ལ་གང་ཤར་ཤེས་པས་ཅང་ཤེས་པ། འཛམ་གླིང་ཉིན་གཅིག་ལ་ལན་གསུམ་སྐོར་ནུས་པའི་བང་ཤུགས་རླུང་དང་འདྲ་བ་རྟ་ཡི་རྒྱལ་པོ་ཅང་ཤེས་པ།
༢ རྟ་མཆོག་ནི་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་བུར་གྲགས་པ་སྟོབས་དང་རྩལ་མངོན་པར་འཕགས་པ་ཅང་ཤེས་པ་ལུས་སྔོ་ཞིང་མགོ་བོ་ནག་ལ་མཛེས་སྡུག་དང་ལྡན་པ།
༣ རྟ་མཆོག་རིན་ཆེན་ས་ལམ་བགྲོད། འཁོར་བའི་རྒྱ་མཚོ་སྤྲིན་ཤུགས་འཆང་། བདེ་ཆེན་ཐར་ལམ་ཞིང་དུ་ཕྱིན། རྫུ་འཕྲུལ་རྐང་པའི་དབང་ཐོབ་ཤོག་ཅེས་པའོ།། གཏམ་འདི་ཚོ་ནི་ཕུགས་མདུན་རིང་ལུགས་པ་ཚོས་བསམ་བློ་ལྟར་བཤད་པ་ཡིན།
དམངས་ཁྲོད་ཀྱི་འགྲེལ་ཚུལ། གནའ་ནས་ད་ལྟའི་བར་དུ་རྒྱལ་པོ་ལ་རྟ་བཟང་པོ་གོམ་འགྲོས་དང་ལྡན་པ་ཞིག་དགོས་པ་ཡིན་པས་ན་རྟ་བཟང་པོ་ལ་རྟ་མཆོག་རིན་པོ་ཆེ་ཞེས་རྟ་ལ་རྩ་བ་ཆེན་པོ་བྱེད་སྲོལ་དར་བ་ཡིན་ལ། དེས་མཚོན་དོན་གཙོ་བོ་ཅི་ཡིན་ཞེ་ན། དེ་ཡང་བདེན་དོན་རྒྱུན་འཁྱོངས་དང་། གསར་གཏོད་མདུན་སྐྱོད། བརྩོན་ཆེན་སློབ་དགའ། ཧུར་བརྩོན་རྒྱལ་སྐྱོང་། གསར་སྐྲུན་ཆོད་སེམས། སྒེར་མེད་ལུས་འབུལ་བཅས་ཀྱི་སྙིང་སྟོབས་མཚོན་བྱེད་བརྡ་རྟགས་ཡིན་ནོ།།
བདུན། དམག་དཔོན་རིན་པོ་ཆེ།
༡ དམག་དཔོན་རིན་པོ་ཆེ་ནི་སྙིང་སྟོབས་དང་ལྡན་པ། སྒྱུ་རྩལ་དང་གཡུལ་འགྱེད་པའི་ཐབས་ལ་མཁས་པ། དཔུང་ཚོགས་ཡན་ཡག་བཞི་དང་བཅས་པ། གཞུ་བདུང་པ་ཙམ་གྱིས་ཕ་རོལ་གྱི་དགྲ་སྡེ་ཐམས་ཅད་དཔའ་ཞུམ་པའི་གཟི་བྱིན་བཟོད་པར་དཀའ་བ་རྒྱལ་པོ་འཕགས་སྐྱེས་པོ་ལྟ་བུའོ།།
༢ ཁྱིམ་བདག་ནི་མཛོད་ཀྱི་བདག་པོར་གྱུར་པ་ཞི་དུལ་གྱི་དཔལ་དང་ལྡན་པ་གཏོང་ཕོད་པ་སྐྱེ་བོ་ཀུན་གྱིས་མཐོང་ན་མི་མཐུན་པ་མེད་པའི་མཛའ་བཤེས་སུ་གྱུར་པའོ།།
༣ ཁྱིམ་བདག་རིན་ཆེན་སྣ་བདུན་ལྡན། གང་ལ་ཅི་འདོད་དཔག་བསམ་ལྟར། གཞན་དོན་ཚོགས་གཉིས་མྱུར་རྫོགས་བྱེད། ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག་ཅེས་པའོ།།
དམངས་ཁྲོད་ཀྱི་འགྲེལ་ཚུལ། གཡུལ་གྱི་ལས་ལ་མཁས་ཤིང་དཔའ་ལ་རྟུལ་ཕོད་ཆེ་བ། ཕ་རོལ་འཇོམས་པའི་ཐབས་ལ་མཁས་པའི་མི་ཀུན་ལ་སྙིང་རྗེ་ཆེ་བའི་དམག་དཔོན་ཞིག་ལ་དམག་དཔོན་རིན་པོ་ཆེ་ཞེས་མིང་བཏགས་པ་ཡིན་ལ། འདིའི་འགྲེལ་བཤད་རྣམས་ནི་རྩོམ་པ་པོ་ལ་ཡོན་ཚད་དམའ་བ་དང་དུས་ཚོད་བྲེལ་བ་ཆེ་བ་བཅས་ལ་ཁེལ་བས་དོན་སྐྱོན་དང་ཡིག་ནོར་མང་པོ་ཞིག་ཡོད་ངེས་ཡིན་པར་གཟིགས་པ་པོ་རྣམས་གྱིས་དག་བཅོས་གཟབ་གཟབ་རེ་གནང་རྒྱུ་བཀའ་དྲིན་ཆེ་ཞུ་ཞུ།
འདི་རྣམས་བཟོ་བྱེད་ཀྱི་རྒྱུ་ཆའི་རྣམ་གྲངས་ལ་དབྱེ་ན། ཤོག་བུ་དང་ཤིང་། རྡོ། ལྕགས། རག། ཟངས། ཆུ་ཤེལ། གསེར། དངུལ་སོགས་ཀྱི་ལུགས་པ་དང་། མགར་བ། རྡོ་ཤིང་ལ་རྐོས་རྒྱབ་པ། རི་མོ་བྲིས་པ། གོས་ཆེན་གྱི་འཐག་དྲུབ་བྱས་པ་སོགས་རིགས་ཀྱི་དབྱེ་བ་དུ་མ་ཞིག་ཡོད་པ་ཡིན་ནོ། །
( མུ་འགོད།)
