国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྩེ་བ་ཆགས་པའི་གླུ་ཚིག།

འཁོར་བའི་རི་ལུང་བརྒལ་བའི་མི་མོ་ཁྱུས།།

གཞོན་ཆུང་སྣང་བའི་མེ་ཏོག་ལྷ་ལ་ཕུལ།།

ཐུགས་བསྐྱེད་སྨོན་ལམ་ཟབ་པའི་རྟེན་འབྱུང་གིས།།

ད་ལན་བརྩོན་པའི་རྣམ་ཐར་བརྗིད་རེ་ཆེ།།

མཚན་སྙན་དགེ་ལེགས་བཀྲ་བའི་ཞིང་ས་ནས།།

འཚེ་མེད་ཞི་བའི་རྒྱལ་བསྟན་སྐྱོང་མཛད་པའི།།

ངུར་སྨྲིག་བླ་གོས་འཆང་བའི་བཙུན་མ་དག།

མཐོང་ན་ཡིད་དགའི་གྲོང་དུ་སྤྲོ་བ་འཕེལ།།

མཐའ་ཀླས་འགྲོ་བའི་སྐྱིད་སྡུག་ལ་བསམས་ཏེ།།

དམ་ཆོས་འོ་དཀར་ཚུལ་བཞིན་བཏུང་བ་དང་།།

དམ་སྡོམ་མེ་ཏོག་མཛེས་ཚལ་ལེགས་བསྲུངས་ཏེ།།

མདོ་སྔགས་རིག་པའི་གཞུང་ལ་སེམས་པ་གླན།།

གོམ་ཆུང་དམན་པའི་ཕྱོགས་སུ་མ་ལྷུང་ཞིང་།།

ནང་སེམས་ངན་པའི་གཤིས་ཀྱིས་མ་བརྫད་པར།།

བདེན་པའི་གནས་ལུགས་འཚོལ་བའི་ཕ་ས་ནས།།

མི་ཚེའི་ལོ་ཟླ་འཛུམ་པའི་སྐལ་བཟང་བརྙས།།

སྐབས་རེ་ཀུན་རྟོག་ཟི་ར་འཚུབ་པའི་ཚེ།།

སྙན་ངག་ཆང་གི་ཆུ་ཀླུང་འཐུང་ཞོར་དུ།།

དོན་དམ་གཉུག་མའི་གཤིས་སུ་བྱ་ར་དང་།།

ཚེ་ཡི་དར་རྒུད་ལས་ཀྱི་ལམ་དུ་བསྒྱུར།།

རེ་དོགས་ཆུ་མོ་བཞུར་བའི་གྲོང་མཐའ་ནས།།

ངེས་འབྱུང་སྐྱ་རེངས་གསལ་བའི་བློ་གྲོས་སམ།།

ཕན་བདེ་ལེགས་ཚོགས་འབྱུང་བའི་གླིང་ཕྲན་དུ།།

བསོད་ནམས་དཔག་མེད་ཅིག་གིས་བསྐྱལ་འདི་མཚར།།

ཐོབ་འབྱོར་དབང་བའི་གྲགས་དཀར་བཞེས་ན་ཡང་།།

སྲོག་གི་རྒྱུ་བ་ཆད་དང་མཉམ་དུ་ཤི།

བསྐལ་བའི་རིམ་པར་རྫོགས་ཀྱང་མི་ཟད་པའི།།

རབ་བྱུང་རྟེན་འདིའི་དགེ་མཚན་སུ་ཡིས་སྨྲ།།

ཤག་ཆུང་དྲི་ངད་ལྡང་བའི་མལ་ས་ནས།།

དུས་བཞིའི་ཆོས་ཉིད་ཀློང་ན་གཟིགས་ཞོར་དུ།།

དུས་གསུམ་ལྷ་ལམ་གསལ་བའི་གླེགས་བམ་ལས།།

ལེགས་བཤད་དལ་གྱིས་བཞེས་པའི་རིགས་དག་སྐྱིད།།

གཞན་ངོ་སྲུང་བའི་གནས་ལུགས་མི་དགོས་ཤིང་།།

གཅིག་པུར་འདྲ་ཡང་གཅིག་པུར་མ་ཡིན་པའི།།

སྐྱིད་སྡུག་སེམས་ཀྱི་དཔུང་པ་བཤིབ་པའི་སྡེ།།

འདི་ཕྱིའི་ལས་སྨོན་གཙང་བའི་མི་རིགས་ཡིན།།

ལུགས་གཉིས་མེ་ལོང་སྟོན་པའི་བཤེས་གཉེན་དང་།།

ཟས་གོས་གནས་ལམ་སྤྲད་པའི་ཕ་མ་སོགས།།

དགའ་དད་བརྩེ་བའི་ཀློང་དུ་རྟག་སྦྲུམ་སྟེ།།

ཚིག་གི་ཨུ་དུམ་དྲན་པའི་རྟེན་དུ་འབུལ།།

༼ མཱ་ལིན་ནཱ། ༽