国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དངུལ་དཀར་དུང་སེམས་ རླབས་ཀྱི་ཟིལ་བ།

ངག་རིག་ཆང་གིས་མགྲིན་པར་མ་མྱོས་ཤིང་། །

བདེ་ལེགས་དབྱངས་འགྲོས་རྟ་མཆོག་མེད་ཀྱང་རུང་། །

བརྩེ་བའི་དངུལ་དཀར་སེམས་ཀྱི་རླབས་རིས་ཤིག །

བགྲོ་བའི་ཐང་ཆེན་ཡངས་མོ་འདི་ནས་བརྒལ། །

བརྩེ་སེམས་དར་དཀར་འཇིག་རྟེན་ཁྱོན་ཡངས་སུ། །

གཡོ་བའི་དར་མཛེས་བསླས་མས་ས་ཆེན་འཁྱུད། །

མི་སེམས་གཅིག་རྗེས་གཉིས་མཐུད་རྒྱུ་བའི་ངང་། །

དགོད་འཛུམ་དཔལ་གྱིས་སྒེག་པས་ཡིད་དུ་སྡུག །

དངུལ་དཀར་མེ་ལོང་ཟོལ་གྱི་དྭངས་གསལ་ལ། །

འཁྱུད་པའི་མཛའ་བརྩེ་ཕོ་མོའི་དུང་སེམས་རླབས། །

མཁའ་རུ་འཕྱོ་བའི་ཉམས་སྟབས་སྒེག་པའི་ལྷན། །

དུང་སེམས་ལྷད་མེད་ཟིལ་བ་སྙིང་དུ་བསྟིམས། །

དུང་ཞེན་སེམས་ཀྱི་རྒྱ་མཚོ་རབ་བསྐྱམས་ནས། །

མཛའ་བརྩེ་ཟོལ་མེད་ཡིད་ཀྱི་གཏིང་རུམ་ན། །

འཐིམས་པའི་ཞལ་འཛུམ་ཚེམས་ཕྲེང་རྒོད་པའི་དཔལ། །

ཁྲ་ཆུང་མིག་ལ་མཛེས་སྡུག་བོངས་ཆེན་བསྐྲུན། །

བརྩེ་བའི་གཡུ་ཆུང་དྲུང་དཀར་འགྱིང་བའི་མལ། །

ཡིད་རྟོན་གཏིང་མཐའ་ཟབ་པའི་བརྩེ་བའི་མདངས། །

ཞི་མེད་འཚེར་བའི་མདངས་ཀྱིས་རབ་གཡོགས་ནས། །

རི་རབ་བགྲང་མེད་ངོགས་ཀྱི་ཀླད་ནས་མཐོངས། །

གཞོན་ཤ་རྫོགས་པའི་སེམས་ཀྱི་ཞིང་ཁམས་ན། །

བརྩེ་བའི་དངུལ་དཀར་པ་ཊ་འཁྱིལ་བའི་གནས། །

སྔོ་བསངས་མཐོ་བའི་ཁམས་ལས་རབ་དྭངས་ཤིང་། །

དུང་སེམས་བརྩེ་བའི་འདུན་མ་ཕན་ཚུན་འཁྲེང་། །

འཁོར་བའི་མྱ་ངམ་ཐང་གི་ཀློང་ཡངས་སུ། །

བརྩེ་བ་ཞེས་པའི་ལྷད་མེད་བྱམས་སེམས་ཤིག །

མི་སེམས་དབར་ན་འགྲོ་བའི་དངོས་མེད་དེ། །

ཡོད་པས་འཁོར་བའི་སྡུག་བསྔལ་སྐྱིད་ལ་འཁོད། །

དུང་སེམས་ཆར་གྱིས་བཀྲུས་པའི་གཞོན་ནུ་ཡི། །

ཡིད་སེམས་བརྩེ་བའི་སེམས་གཤིས་སྦྲུམ་པའི་ཚེ། །

རོགས་མེད་མི་སེམས་བརྒྱ་ཡི་སྣང་ངོགས་ལ། །

ཡི་རངས་གྲངས་མེད་བགྱིས་པ་མང་དུ་སོམས། །

བསམས་ན་ཡོད་ཡོད་འདྲ་བའི་བརྩེ་བའི་སེམས། །

བལྟས་ན་མི་དངོས་འདྲ་བའི་ལྷ་ཡི་སྒྲུང་། །

དོགས་སྣང་ཇི་ལྟར་མང་ཡང་མི་སེམས་ན། །

བརྩེ་དུང་གབ་པའི་སྣང་བརྙན་ད་གཟོད་ཚོར། །

༼ སྙན་རྐང་གླིང་། ༽