国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ངག་ཕྲིས།

སྙན་ངག་བྲིས་ན་སེམས་ཀྱི་ཚོར་བ་ཕྲིས།།

ཚོར་བའི་མེ་ལྕེས་མི་སེམས་སྲེག་ནི་ཕྲིས།།

སྙན་ངག་བྲིས་ན་ནགས་ཀྱི་འཇོལ་མོ་ཕྲིས།།

འཇོལ་མོའི་ངག་གིས་རྣ་དབང་གསོ་ནི་ཕྲིས།།

སྙན་ངག་བྲིས་ན་སྙིང་ཤ་འདར་ནི་ཕྲིས།།

སྙིང་ཤ་འདར་གྱིན་འདར་ནས་ཤི་ནི་ཕྲིས།།

སྙན་ངག་བྲིས་ན་སེམས་པ་དགའ་ནི་ཕྲིས།།

སེམས་པ་དགའ་སྟེ་མིག་ཆུ་འཐོར་ནི་ཕྲིས།།

སྙན་ངག་བྲིས་ན་ཚིག་གི་སྒྱུ་རྩལ་ཕྲིས།།

སྒྱུ་རྩལ་རེ་རེས་མི་སེམས་གསོད་ནི་ཕྲིས།།

སྙན་ངག་བྲིས་ན་འཚོ་བའི་ཉམས་མྱོང་ཕྲིས།།

མྱོང་བ་རེ་རེའི་བཟི་ཁ་བཙན་ནི་ཕྲིས།།

སྙན་ངག་བྲིས་ན་དབྱར་གྱི་ཆར་ཆུ་ཕྲིས།།

ཆར་ཆུའི་ཁྲོད་ཀྱི་འཇའ་ཚོན་སྣ་ལྔ་ཕྲིས།།

སྙན་ངག་བྲིས་ན་དགུན་གྱི་ཁ་བ་ཕྲིས།།

ཁ་བ་བུ་ཡུག་ཀློང་གི་བྱིས་ཆུང་ཕྲིས།།

སྙན་ངག་བྲིས་ན་སྟོན་གྱི་སྡོང་ལོ་ཕྲིས།།

སྡོང་ལོ་ས་རུ་ཟགས་པའི་སྐྱོ་བ་ཕྲིས།།

སྙན་ངག་བྲིས་ན་དཔྱིད་ཀྱི་ཁུ་ལོ་ཕྲིས།།

ཁུ་ལོ་མོན་ནས་ཆས་པའི་དགའ་བ་ཕྲིས།།

སྙན་ངག་བྲིས་ན་གྲོགས་དང་ན་ཟླ་ཕྲིས།།

གྲོགས་དང་ན་ཟླའི་བར་གྱི་ཕྱི་ཐག་ཕྲིས།།

སྙན་ངག་བྲིས་ན་ཆུང་འདྲིས་བུ་མོ་ཕྲིས།།

ཆུང་གྲོགས་བུ་མོར་འདྲིས་པའི་བརྩེ་འདང་ཕྲིས།།

སྙན་ངག་བྲིས་ན་ཕ་མ་མིང་སྲིང་ཕྲིས།།

ཕ་མ་འགོ་འཛོམས་གཞིས་ཁྱིམ་ཕྱུག་མོ་ཕྲིས།།

སྙན་ངག་བྲིས་ན་འཁོར་བའི་སྣང་བ་ཕྲིས།།

འཁོར་བའི་སྣང་བ་འདྲ་མིན་སྣ་ཚོགས་ཕྲིས།།

༼ དམར་ཁ་ཚ། ༽