སྤྱི་ཟླ9པའི་ཚེས11ཉིན། དཀར་མཛེས་ཁུལ་གྱི་ལས་གཞི་འཛིན་ཞིང་མ་འཇོག་ལ་སྐུལ་བའི་ལས་དོན་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས། མིག་སྔའི་ཁུལ་ཡོངས་ཀྱིས་ལས་གཞི་འཛིན་ཞིང་མ་འཇོག་ལ་སྐུལ་བའི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་། ཛ་དྲག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་མ་སྐུལ་དང་བླངས་ཀྱིས་འགན་འཁུར་བ་དང་དཀའ་སྤྱད་མདུན་བསྐྱོད།དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། ཤུགས་ཡོད་རྒུས་ལས་གཞི་དམ་འཛིན་དང་མ་འཇོག་ལ་བསྐུལ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བྱས་རྗེས་དེ་བས་ཆེན་པོ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ལི་ཐང་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཐུང་རུང་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུ་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཡན་ལེ་ཡིས་ཕྱིན་ཆད་ལས་གཞི་འཛིན་རྒྱུ་དང་མ་འཇོག་ལ་སྐུལ་བའི་ལས་དོན་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
ཧྲེན་དབྱང་གིས་གསུང་བཤད་གནང་སྐབས་ད་ལོ་ནས་བཟུང་།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་གཞི་དམ་འཛིན་དང་མ་འཇོག་ལ་བསྐུལ་བ་ནི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འགག་རྩར་བརྩིས་ནས་མ་འཇོག་དང་ལས་གཞི་འཛུགས་སྐྲུན་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་འབད་བརྩོན་བྱ་དགོས། ལོ་སྟོད་དུ་ཁུལ་ཡོངས་ཀྱིས་བསྡོམས་པའི་མ་འཇོག་མངོན་འགྱུར་བྱེད་པའི་དུས་ཚོད་དང་ལས་འགན་ཕྱེད་ལྷག་ལེགས་གྲུབ་བྱུང་བ་རེད། འོན་ཀྱང་མིག་སྔར་རང་ཁུལ་གྱི་ལས་གཞི་དམ་འཛིན་དང་མ་འཇོག་ལ་སྐུལ་བའི་ལས་དོན་ལ་ད་དུང་གནད་དོན་དང་ཞན་ཆ་མི་ཉུང་བ་ཞིག་ཡོད་པ་གསལ་པོར་གོ་དགོས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་གཞི་དམ་འཛིན་དང་མ་འཇོག་ལ་སྐུལ་བའི་ལས་དོན་དེ་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་འགོ་འཛིན་ས་གལ་ཆེན་དུ་བརྩིས་ནས་གོ་སྐབས་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས།ཁ་ཚ་དགོས་གཏུག་གི་འདུ་ཤེས་བཅས་ཆེ་རུ་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་འབེན་ལས་འགན་སྤུས་ཚད་མཐོན་པོས་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས་ཞེས་བཏོན་པ་རེད།
ཧྲེན་དབྱང་གིས་བསྟན་དོན།བྱ་ཐབས་མང་པོ་མཉམ་སྤྱོད་ཀྱིས་ལས་གཞི་དམ་འཛིན་དང་མ་འཇོག་ལ་བསྐུལ་བའི་ལས་དོན་དམ་འཛིན་དང་ཞིབ་ཕྲ་བྱ་དགོས་པ་སྟེ། ལས་གཞི་གལ་ཆེན་འཛུགས་སྐྲུན་ནན་འཛིན་བྱ་དགོས་དང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་འགུག་མ་འཇོག་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལས་གཞི་གྲབས་གསོག་ལས་དོན་ཧུར་ཐག་གིས་བསྒྲུབ་པ། འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུ། ཤུགས་ཡོད་རྒུས་ཉེན་མེད་ཐོན་སྐྱེད་དམ་འཛིན་བྱ་རྒྱུ། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་རྒྱག་པ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་ཧུར་ཐག་བྱ་རྒྱུ།
ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་རྒྱུ་དང་།དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་ཚད་སྐུལ་སྤེལ་བྱས་ཏེ་ལས་གཞི་དམ་འཛིན་དང་མ་འཇོག་ལ་བསྐུལ་བའི་ལས་དོན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)