སྤྱི་ཟླ9ཚེས10ཉིན། མཚོ་འཕགས་སྨི3800ཡོད་པའི་རྟའུ་རྫོང་ལུང་བསྟན་ཡུལ་ཤོག་གི་ཨར་ལས་བྱེད་གནས་སུ་ས་རྐོ་འཁོར་གྱིས་ས་བརྐོས་ནས་བྲག་མགོ་ནས་དར་མདོ་བར་གྱི་མྱུར་ལམ་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ་རེད།
མྱུར་ལམ་འདིར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར344.17གཏོང་བཞིན་ཡོད་པ་དང་སྤྱི་ཡི་རིང་ཚད་ལ་སྤྱི་ལེ186.8ཡོད། མྱུར་ལམ་དེ་བསྐྲུན་ཚར་རྗེས་རྟའུ་དང་བྲག་མགོ་རྫོང་གཉིས་བར་མྱུར་ལམ་ཡོད་པར་མ་ཟད། དཀར་མཛེས་ཁུལ་གྱི་ཁྲོན་བོད་མྱུར་ལམ་ལྷོ་བྱང་ལམ་ཐིག་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ས་གནས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།
བྲག་མགོ་ནས་དར་མདོ་བར་གྱི་མྱུར་ལམ་ནི་སི་ཁྲོན་ཞིང་ཆེན་མྱུར་ལམ་དྲ་བའི་འཆར་འགོད་ཁྲོད་ཀྱིS87གསེར་རྟ་ནས་ཕན་ཀྲི་ཧྭ་བར་གྱི་མྱུར་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བྲག་མགོ་རྫོང་ནས་འགོ་བཙུགས་ཏེ་འཆར་འགོད་བྱས་པའིG4217རུང་ཁྲང་མྱུར་ལམ(ཁྲོན་བོད་མྱུར་ལམ་བྱང་རྒྱུད)དང་། རྟའུ་རྫོང་དང་དཔལ་སྨད་གྲོང་རྡལ་བརྒྱུདG0615འབར་ཁམས་ནས་དར་མདོ་བར་གྱི་མྱུར་ལམ་དང་བསྣོལ་ནས་ར་རྔ་ཁ་གྲོང་རྡལ་དུ་སླེབས། འཛུགས་སྐྲུན་བྱེད་བཞིན་པའིG4218གཡག་ཡེ་མྱུར་ལམ(ཁྲོན་བོད་མྱུར་ལམ་ལྷོ་རྒྱུད)དར་མདོ་ནས་ར་རྔ་ཁའི་བར་གྱི་ལམ་མཚམས་དང་འབྲེལ་ཡོད། ལམ་ཐིག་ཧྲིལ་པོའི་འཁོར་ལམ་གཉིས་ལ་རླངས་འཁོར་གཉིས་གཤིབ་ཀྱིས་བསྐྱོད་ཆོག་ལ། ཆུ་ཚོད་རེར་མགྱོགས་ཚད་སྤྱི་ལེ80བསྐྱོད་ཆོག། ཟམ་པ་དང་ཕུག་ལམ་བསྡུར་ཚད་བརྒྱ་ཆ40.9ཡོད། ཁྱོན་ཕུག་ལམ13དང་ཟམ་པ109། ཞབས་ཞུའི་ཁུལ4དང་རླངས་འཁོར་འཇོག་ས2ཡོད། འཛུགས་སྐྲུན་དུས་ཡུན་ལོ4ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་དེས་སྐྱེ་ཁམས་སྲུང་སྐྱོང་ལག་རྩལ་གསར་གཏོད་བེད་སྤྱོད་བྱས་ཏེ་སྔོ་ཁེབས་སླར་གསོ་དང་།སྲོག་ཆགས་ཀྱི་འགྲོ་ལམ་བཀོད་སྒྲིག་སོགས་ཀྱི་བྱ་ཐབས་བརྒྱུད་མཐོ་སྒང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཉུང་དུ་གཏང་རྒྱུ་ཡིན་པ་རེད། དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བྲག་མགོ་ནས་དར་མདོ་བར་གྱི་མྱུར་ལམ་འཛུགས་སྐྲུན་བྱས་པ་དེས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལམ་ཐིག་དང་འདྲེས་ཡོད་ལ། ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏང་རྒྱུ་དང་། དེ་ནི་སེམས་ཀྱི་ཉི་ཟླ་ཡུལ་སྐོར་ལམ་ཐིག་གི་སི་ཁྲོད་དང་བོད་ལྗོངས། མཚོ་སྔོན། ཡུན་ནན་བཅས་འབྲེལ་བའི་ས་ཁོངས་འབྲེལ་མཐུད་ལམ་ཐིག་གལ་ཆེན་ཞིག་ཏུ་བརྩིས་ནས་ལྷ་སྒང་རྩྭ་ཐང་དང་། དཔལ་སྨད་གསེག་རི་གླིང་ག། ལུང་བསྟན་རྩྭ་ཐང་། རྟའུ་བོད་ཁང་། བཞག་ར་ལྷ་རྩེ། བྲག་མགོའི་ཧོར་རིག་གནས་ལྗོངས་ཁུལ་སོགས་སྦྲེལ་མཐུད་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།།