国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངག་རིག་ལྷ་མོའི་བྱིན་རླབས་འཚོལ་བ།

ཨ་ཡིག་བྲིས་པའི་ཡིག་འབྲུ་དེ་རུ་དུས་གསུམ་ནང་གི་མཛེས་པས་སྤུད། །

ཧ་ཧའི་དགོད་སྒྲ་ཞེ་རུ་འཕྱོ་ཞིང་ལས་དང་འཚམ་པའི་ཡིད་འོང་མ། །

ཨ་ཅག་ལྷ་མོའི་འཛུམ་པ་སྒུག་བཞིན་སྙིང་དང་བསམ་པའི་བརྩེ་བ་འདི། །

ཧ་ཅང་རིང་བའི་དུས་ཚོད་དག་ལས་འཚོལ་བ་འདི་ཡང་ཤིན་ཏུ་རིང་། །

ས་ལ་དགེ་བའི་མེ་ཏོག་ཚོགས་ནི་ལག་ཟུང་ཐལ་མོའི་གསེང་དུ་འཛིན། །

ཤ་ཚའི་སྨོན་པ་ངག་ཏུ་བླངས་ནས་རེ་སྨོན་སྟོང་གིས་ཁྱེད་ཉིད་འཚོལ། །

ལ་ཆེན་མཛེས་པས་ཀུན་རྟོག་རྒྱས་ཀྱང་བརྩེ་བའི་ངག་རིག་སྩོལ་བའི་ཕྱིར། །

ར་བ་སྐོར་བའི་གངས་ཀྱི་འདབས་ནས་དབྱངས་ཀྱི་ལྷ་མོ་མཇལ་སྙིང་བྱུང་། །

ཡ་ཡོའི་སྤྱོད་ལམ་ཀུན་ནས་བྲལ་བ་ངེས་པ་དོན་གྱི་འཕགས་མ་ཁྱེད། །

འ་ཅག་རྣམས་ལ་བློ་རིག་སྒོ་མོ་ཕྱེས་ཏེ་ཤེས་རབ་འཕེལ་ལ་རེ། །

ཟ་ཟའི་གླུ་དབྱངས་གར་གྱི་རྣམ་པ་ཡིད་འཕྲོག་གཞོན་ནུའི་ཉམས་འགྱུར་ཕྱུག །

ཞྭ་ལྟར་འཕགས་པའི་སེམས་ཀྱི་ལྷ་ཞིག་ཁྱེད་ལས་གཞན་ཞིག་མཆིས་པ་བྲལ། །

ཝ་མོའི་གཡོ་སྒྱུ་ཁྱེད་ལ་མེད་པས་དམ་པའི་སྤྱོད་ལམ་ཇི་བཞིན་ལྡན། །

ཛ་དྲག་སྟུག་པ་འཁོར་བའི་ཁྲོད་ནས་ཞི་བའི་སྤྱན་རས་གཡོ་ན་སྙམ། །

ཚ་གྲང་མཉམ་པའི་རེག་བྱ་ལྟ་བུ་མཁྱེན་བརྩེ་ནུས་པའི་ཡོན་ཏན་ལ། །

ཙ་ཀ་ལི་ཡི་གཟི་མདངས་མངོན་པས་ཁྱེད་ཀྱི་སྐུ་ལ་གཏན་དུ་དད། །

མ་ལུས་ཆོས་ལ་ཐོགས་པ་མེད་པ་མཁྱེན་པའི་བདག་ཉིད་ཁྱེད་ཉིད་དེ། །

བ་དང་འབྲི་མོའི་འོ་ཞོ་ཇི་བཞིན་བརྩེ་བའི་རང་བཞིན་ཁྱེད་ཉིད་ལགས། །

ཕ་མའི་སེམས་སྤོབས་ཇི་ལྟར་ཆེ་རུང་ནུས་པའི་མཐུ་རྩལ་འགྲན་པ་ཟད། །

པ་ཏྲས་མཚོན་པའི་བཀྲ་ཤིས་རྟགས་སོགས་ཤིས་པར་སྩོལ་བ་ལྷ་ཁྱེད་ཡིན། །

ན་ཆུང་ཚོགས་ལ་ཤེས་རབ་མཁོ་བས་ངག་དབང་ལྷ་རིགས་ཁྱེད་ཉིད་དྲན། །

ད་ནས་བྱང་ཆུབ་མ་ཐོབ་བར་དུ་སེམས་ཀྱི་སྐྱབས་ནི་ཁྱེད་ཉིད་ལགས། །

ཐ་ཤལ་སྤྱོད་ལམ་རིང་ནས་དོར་བས་ཚུལ་མཐུན་ལས་ལ་མངོན་པ་བྱང་། །

ཏ་ཐཱ་ག་ཏའི་རྗེས་སུ་འབྲང་བའི་བདག་ཅག་ཁྱེད་ལ་མགོན་སྐྱབས་ཞུ། །

ཉ་མོ་ཆུ་ལ་བརྩེ་བ་བཞིན་དུ་བདག་སོགས་སྲིད་ལས་བསྒྲལ་བའི་སླད། །

ཇ་སྐྱེམས་ཕུད་ཀྱི་སྙིང་པོ་མེད་ཀྱང་ཁྱེད་ཀྱི་བརྩེ་བ་གཏན་དུ་མཁོ། །

ཆ་བྱད་རྫོགས་པའི་དབྱངས་ཅན་ལྷ་ཡིས་སྲིད་པ་ཚོགས་ལ་ཀུན་རྟོག་བྲལ། །

ཅ་ཅོ་དབེན་ཞིང་ངག་རིག་ལམ་ནས་གདུལ་བྱའི་རེ་འདུན་མྱུར་སྩོལ་མ། །

ང་བདག་འཛིན་པའི་ཞེན་པ་མེད་དེ་གཉིས་འཛིན་བྲལ་བའི་དབྱངས་ཅན་མ། །

ག་དུས་ཡིན་ཡང་བརྩེ་བའི་གྲུ་ཆར་རྒྱུན་མི་ཆད་པར་འཇོ་མཁན་མ། །

ཁ་དོག་རབ་དཀར་འོད་རླབས་འཕྲོ་ནས་གདུལ་བྱ་ཞིང་དུ་འདྲེན་མཆོག་མ། །

ཀ་མ་ལ་ཡི་མཛེས་པ་འགྲན་པའི་ཚངས་སྲས་ལྷ་མོས་བྱིན་རླབས་སྩོལ། །