མཐའ་མེད་གཏིང་རིང་ནང་དུ་འཆར་ཡན་བྲུག །
ལྷོད་གཡེང་འཛིན་པའི་ཀློང་དུ་འཁྲུལ་སྣང་བྱོ། །
ལས་རླུང་རྫོབ་པོས་བསླུ་བའི་སེམས་འགྱུ་འདི། །
སྐྱོ་གདུང་སྤྲུལ་པའི་གཞུང་ནས་འཚོ་བར་བྱེད། །
གཉིས་འཛིན་ཕྲ་མོའི་གཟེབ་ཏུ་འཆིང་རྒྱས་ཚུད། །
ཞེན་ཆགས་རིང་མོའི་གཏིང་དུ་ངལ་བས་མནར། །
སྡང་སེམས་མཐའ་མེད་ལམ་དུ་ལས་སྣང་འཁྱམ། །
ཡ་ངའི་གནས་རིགས་ཤིག་ལ་གདུང་བས་རྩེན། །
རྨི་ལམ་འདྲ་མིན་ཚོགས་སུ་རྩེད་དགས་གཡེང་། །
དུག་གསུམ་འཕེལ་བའི་ལས་ལ་རྣམ་ཀུན་རྒྱུག །
ལྟོས་བཅས་འཇིག་རྟེན་འདི་རུ་སྙིང་པོ་དབུལ། །
ལས་སྣང་ངེས་མེད་ཀློང་ནས་ལུས་སེམས་རྒུད། །
འཆར་ཡན་བཅོས་མའི་སླད་དུ་བྲེལ་བས་བཞུད། །
ན་ཚོད་རིམ་གྱིས་རྫོགས་ནས་སྨྲེང་ངག་བརྗོད། །
གློ་རྒྱག་འཚོ་བ་མཛེས་པས་བསླུ་ཐབས་བྱེད། །
སྐྱོ་ཉམས་མ་བཅོས་ཚུལ་དུ་འཁྲིས་སུ་འཚང་། །
ཚུགས་ཀ་རིང་དུ་བོར་བའི་ལས་མཐུན་བྲལ། །
སྙིང་པོ་སངས་པའི་འཆར་ཡན་དལ་གྱིས་མངོན། །
བཞུད་འགྲོས་ཀྱག་ཀྱོག་དབུས་ཀྱི་འཚོ་བ་འདི། །
བདེན་པའི་ཡིད་རྟོན་དབེན་ཞིང་སྐྱོ་སྣང་འཁྱིལ། །
མཐའ་མེད་འཁོར་བའི་གཞུང་དུ་རྣམ་ཤེས་འཁྱམ། །
གཤིས་ལ་ཚུལ་འཆོས་ཆགས་པ་གང་ཞིག་ཀྱང་། །
ལས་སྣང་འདྲ་མིན་ཞིག་གིས་འདུ་དང་འབྲལ། །
སྨྲེང་བའི་སྐད་ངག་ཤོར་བས་སྐྱོ་ཉམས་མཐུག །
སེམས་འདི་བརྟན་བརླིང་བྲལ་བས་རང་དབང་ཅི། །
ངེས་མེད་ཡུལ་ལུང་ཀུན་ཏུ་འཁྱམ་ཉུལ་བྱེད། །
ན་ཚོད་རིམ་གྱིས་ཟད་པའི་དུས་སྐབས་འདིར། །
སྐྱོ་བའི་དངན་པ་འདི་ཡང་རིང་ནས་འཐེན། །
འཁོར་བའི་ལས་ལ་བྲེལ་བས་ཚོར་སྣང་མང་། །
འཁོར་བ་སྡུག་བསྔལ་དྲག་པོའི་གཞི་ཡིན་པ། །
འཁོར་བའི་ཀློང་དུ་འཁྱམ་པའི་མི་ཚོགས་ལ། །
འཁོར་བ་སྐྱིད་པོ་ཡིན་པའི་གཏན་ཚིགས་མེད། །
ཀུན་རྟོག་དྲ་བའི་གཟེབ་ཏུ་འཚང་ཁ་གཤིབ། །
ཀུན་ཏུ་འདུ་རྒྱུག་གཉིས་ལ་ན་ཚོད་རྫོགས། །
ཀུན་བཟང་ཆོས་ཀྱི་སྙིང་པོ་ཚོར་བྲལ་བའི། །
ཀུན་ཉོན་རྩ་བས་ཟིན་པའི་བདག་སོགས་སྐྱོ། །
དང་ཐོག་འདུ་བའི་ཚུལ་ལ་མགོ་བོ་འཁོར། །
འདུ་ནས་འབྲལ་བའི་དོན་ལ་བསམ་མནོ་དབེན། །
མི་རྟག་ཆོས་ཀྱི་རང་བཞིན་རྟོགས་བྲལ་བའི། །
སྐྱེ་བོ་ཕལ་བའི་ལས་དབང་སྔངས་བས་རུམ། །