国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚེ་ཡི་ལ་མོ་བརྒལ་བའི་རང་ཉིད།

རྟིང་མའི་ལས་སྐལ་གང་དང་འགྲོག་ཀྱང་ཆོག །

བསམ་པའི་དོན་ཞིག་མ་འགྲུབ་མདུན་སྔུན་ནས། །

ལས་རླུང་ཞིག་གི་ལྡང་ཕྱོགས་སྣ་ཚོགས་ཀྱིས། །

ཚེ་ཡི་ལ་མོ་རྒལ་བཞིན་གདུང་བས་བཟི། །

ནམ་ཟླའི་གཞུང་དུ་འཚོ་བ་མཐའ་མེད་ཅིང་། །

ལྟོས་བཅས་ཀློང་གི་རང་ཉིད་གསོན་དུས་དེར། །

སྙིང་པོ་ཆགས་པའི་མཐོང་བ་ཡོད་རེ་སྐན། །

ཚེ་ཡི་མདངས་ལ་སྐྱོ་སྣང་རི་མོ་མངོན། །

ཞོགས་པའི་ཉི་ཟེར་ཐང་ལ་བྱོ་བའི་དུས། །

སྣང་བ་ཡན་པོ་གང་སར་བཞུད་ཀྱང་རུང་། །

མཛའ་བ་མེད་པ་ལོ་ཟླའི་མྱུར་འགྲོས་ལ། །

ཚེ་ཡི་རྩྭ་ལྗང་ཙག་དང་སད་ཀྱིས་བཅོམ། །

ངེས་མེད་ཡུལ་དུ་མཐུན་པའི་མཛེས་པ་བྲལ། །

མཐོང་བ་ཡོད་ཚད་རབ་རིབ་ཇི་བཞིན་སྙམ། །

ལས་སྐལ་དབེན་པ་ལོ་ཟླའི་སྙིང་པོ་ཡང་། །

ཚེ་ཡི་ཞེན་ཆགས་ཉིན་ནས་ཞག་ཏུ་འགྱུར། །

མི་ཡུལ་བསམ་ན་སྡུག་གི་མཚོ་མོ་བཞིན། །

དེ་རུ་ཉུལ་བའི་ཉམ་ཐག་ཉ་མོ་ཡང་། །

དཔེ་ལ་བླངས་ན་བདག་ལས་གཞན་པ་སུ། །

ཚེ་ཡི་ལ་མོ་ཆགས་དང་སྡང་བས་བརྒལ། །

སྒྱུ་མའི་འགྲོས་སུ་མི་རྟག་ལས་ཀྱིས་དེད། །

ཚོར་སྣང་འདྲ་མིན་སྟོན་ལོ་ཇི་བཞིན་འཐོར། །

གདུང་སེམས་རིང་མོ་ཛ་ཧུའི་བུ་མོའི་རྒྱུན། །

ཚེ་ལ་བསམ་ན་འཁོར་བ་སྐྱོ་བའི་མདངས། །

ཉམ་ཐག་གཞས་ཤིག་ངག་ལ་ཐོགས་པ་ནས། །

བརྩེ་བ་བོར་བའི་མི་ཚོགས་སེམས་སུ་འཁོར། །

སྐྱོ་སྣང་རིང་མོ་ལུས་ཀྱི་གཞུང་ལ་ཁེངས། །

ཚེ་ཡི་རྨི་ལམ་སྐད་ཅིག་མི་སྡོད་ཟད། །

རྟག་སྟོང་ཆོས་ལ་རྣམ་གཡེང་ལས་ཀྱིས་བྲེལ། །

ཁ་ཐུག་འཚོ་བས་གཏན་གྱི་འདུན་མ་བརླག །

ཚེ་ཡི་རང་མདངས་ཞོགས་པའི་བ་མོ་བཞིན། །

སྙིང་པོ་དབུལ་པའི་ལས་དབང་ཡིད་ཀྱིས་ཚོར། །

ལྟོས་དང་བཅས་པའི་འཇིག་རྟེན་འཚོ་བ་འདི། །

ནམ་ནམ་ཞར་ཞར་བདེ་བའི་སྣང་བ་དབེན། །

སྙིང་དབུགས་རྒྱུད་སྟངས་སྐད་ཅིག་མི་འདྲ་བས། །

ཚེ་འདིའི་སྣང་བརྙན་གཞན་གྱི་དབང་དུ་ཤོར། །

ཚེ་ལ་དབང་བའི་སྲིད་པའི་འཆར་ཡན་ཀུན། །

ཚེ་ཡི་འཆུམ་པས་ཡུན་རིང་དུས་ནས་གཅེས། །

ཚེ་ལས་རྒལ་བཞིན་བདེ་མིན་སྔངས་བ་དེས། །

ཚེ་རབས་འདི་རུ་ཞེད་སྣང་ཡང་ཡང་གནང་། །