国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཀྱི་གཏིང་རུམ་ ནང་གི་མི་གཉིས།

བས་མཐར་ཉུལ་བའི་འཚོ་བ་སྣ་ཚོགས་ཀྱི་མཐའ་རུ། །

དྲིན་ཆེན་གཉིས་དང་སླར་ཡང་མཇལ་བ་ལ་དགའ་ཡོད། །

དབུ་ཡི་སྐྲ་དཀར་ཐོད་ཀྱི་གཉེར་མ་དག་མཐོང་དུས། །

སྐྱོ་སྣང་ཞིག་གིས་དབུགས་ཀྱི་རྔུབ་གཏོང་ཡང་དཀའ་བ། །

དྲན་སྣང་རིང་མོས་ཡུན་རིང་མནར་བ་ཡི་འོག་ནས། །

སེམས་ཀྱི་དགའ་སྐྱོ་ཚོར་བའི་ལན་ཆགས་དང་འདྲེས་པ། །

དྲན་སེམས་ཀློང་ནས་མཇལ་འདོད་ཆེ་བ་ཞིག་བསམ་ཚེ། །

དྲིན་ཆེན་གཉིས་དང་དེ་རིང་མཇལ་བ་འདིར་སྤྲོ་ཡོད། །

རེ་ལྟོས་འཚོ་བ་དཀའ་སླ་ནང་སེམས་ཀྱི་འཆར་སྣང་། །

ལས་དབང་བཙན་པོ་ཞིག་གིས་གཞན་ཡུལ་དུ་ཁྲིད་དེ། །

འཚོ་བ་སྐྱིད་ལ་སྡུག་པའི་བར་གསེང་ནས་དྲན་སྐབས། །

བརྩེ་བའི་ཡབ་ཡུམ་གཉིས་ཀ་མིག་ལམ་དུ་མངོན་ཡོང་། །

ལས་སྐལ་མཐའ་མེད་ཅིག་གི་རྨི་ལམ་དང་འགྲོག་དུས། །

ཚེ་ཡི་ཕྱེད་ཀར་ཟིན་པ་གཞན་ཡུལ་དུ་འཚོ་བཞིན། །

དྲན་པས་གཏོང་ཐབས་མེད་པའི་དྲིན་ཆེན་གྱི་ཕ་མ། །

མཇལ་དུས་དགའ་ལ་སྐྱོ་བའི་སེམས་བྱུང་ཞིག་འདྲེན་པ། །

རང་ཡུལ་མདུན་དུ་བཞག་ནས་རྒྱང་རིང་ལ་སོང་དུས། །

རྒྱུས་མེད་ཡུལ་ལུང་ཞིག་ནས་འཁྲེང་སེམས་ཤིག་འཁོར་བ། །

མ་བཅོས་བརྩེ་མདངས་ཡག་པའི་ཕ་མ་ཡི་རང་གཤིས། །

སེམས་སུ་གསལ་ལ་མ་འདྲེས་རང་བཞིན་གྱིས་མངོན་བྱུང་། །

གནམ་ལ་ཉི་ཟླའི་གཟི་མདངས་འཆར་བ་འདི་ཡག་རུང་། །

ས་ལ་ཡབ་ཡུམ་གཉིས་ཀྱི་བརྩེ་ཞེན་དང་འགྲན་དཀའ། །

དྲིན་ཞིག་ཆེ་བ་འདྲ་མོད་དྲིན་ལུགས་ནི་གཞན་ཞིག །

བྱམས་ལྡན་ཕ་མ་མཆོག་གི་བཀའ་དྲིན་ལ་འདང་ཆེ། །