国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚོར་བ་ཤུགས་འབྱུང་ནང་གི་མཐོང་བ།

འཆར་ཡན་རྫུན་མའི་འགྲོས་སུ་ལས་སྐལ་ཐན་ཐུན་འཁོར་བ་སྒྱུ་མའི་ཚུལ། །

རྟོག་པའི་རྣམ་འགྱུར་ཀློང་ནས་ཡིད་འོང་དཔག་མེད་དེ་ལ་སྙིང་པོ་དབེན། །

གསང་བ་སེམས་སུ་སྦས་པའི་འདི་དང་ཕྱི་མའི་ངང་ཚུལ་མཐའ་མེད་ཀུན། །

བསམ་པའི་གཏིང་དུ་འཚང་བ་བདག་གི་ལན་ཆགས་དྲག་པོ་རབ་ཏུ་ལྡང་། །

ཡིད་འགྱུར་རབ་ཏུ་རྒོད་པས་དུས་ཀྱི་རྨི་ལམ་ཚོགས་སུ་སེམས་ཁམས་འདི། །

བཅོས་བཅོས་བྲལ་བར་བསམ་ཡང་སྙིང་པོ་མེད་པའི་ཚད་དུ་ལུས་པ་དེས། །

བདག་ཀྱང་སྒྱུ་མའི་འགྲོས་སུ་འཚོ་ཐབས་ཤིག་ལ་འཁྱུད་པའི་ཁུལ་ཙམ་བྱེད། །

ངལ་བའི་ཁྲེས་པོ་ཞིག་གིས་ལུས་སེམས་གཉིས་ཀ་མནན་ནས་སྡུག་ལ་སྦྱར། །

ཚོར་བྱུང་གཏིང་དུ་ལུས་པའི་སེམས་ཁྲལ་ལྷག་མ་ཀུན་པོ་མྱོང་བའི་སྐབས། །

ཚོར་འདུ་དྲག་ཏུ་ལྡང་བཞིན་ཞེད་སྣང་རིང་མོ་ཞིག་ཀྱང་གཏིང་མཐར་ཉུལ། །

ཚོར་བའི་རླབས་རིས་འཕྱོ་ནས་སྔངས་བ་འདྲེན་པའི་བདག་གི་ན་ཚོད་ལ། །

ཚོར་ཤེས་མུ་མཐའ་བྲལ་བས་ཚོར་བ་ཤུགས་འབྱུང་ཀློང་ནས་སྐྱོ་ཞིང་གདུང་། །

ལོ་ཟླའི་སྨྲེང་བ་ཁྱེར་མཁན་གཞོན་པའི་སྣང་བ་འདི་ཀོའི་ལས་དབང་གིས། །

བསམ་གཞིག་བརྒྱ་ཕྲག་དབུས་སུ་རྟིང་མའི་འཚོ་བར་བསམས་ནས་ཡུན་རིང་དུ། །

ནམ་ཟླའི་འབྱུང་འགྱུར་ཡོད་ཚད་འཁྲེང་སེམས་ཐོགས་པ་ཁོ་ན་ཡོད་རེ་སྐན། །

འདི་ཡང་སྙིང་པོ་བོར་བས་འདུ་འབྲལ་གཉིས་ཀའི་ལམ་ནས་ཡུན་རིང་འགྲོགས། །

བས་མཐའི་སྣང་བརྙན་མཐོང་བས་སེམས་པ་སྐྱོ་བར་ཚུད་པའི་རང་ཉིད་དེ། །

འཚོ་ཡང་ཡང་སྙིང་དཀའ་བའི་ལས་མཐུན་མེ་ལོང་དབུས་སུ་ཇི་བཞིན་གསལ། །

བསམ་གྱིན་བསམ་པའི་ཀློང་ནས་ད་ལྟའི་ན་ཚོད་འདི་ལ་སེར་སྣས་ཟིན། །

ཡིད་འོང་དུས་ཚོད་དག་ལ་བག་མེད་འདའ་བར་བྱེད་པས་སྙིང་རྗེའི་ཡུལ། །

ལས་སྐལ་རྟིང་མའི་རིང་དུ་ངང་ཚུལ་ཡིད་དུ་འཕྱོ་བས་བསམ་གཞིགས་ཀུན། །

མ་བཅོས་ལྷུག་པར་གཏོར་བས་ལས་མཐུན་ཟླ་བའི་གདངས་དང་ཁ་ཐག་རིང་། །

གཉུག་མའི་འཚོ་བ་ཡངས་དོག་འཁྲེང་སེམས་འདི་འདྲ་ཞིག་གི་རྒྱབ་ཏུ་ཡིབ། །

འདི་ཡང་སྙིང་པོ་དཀོན་པས་སྒྱུ་མའི་ཆོ་འཕྲུལ་ཚོགས་དང་གཉིས་མེད་གྱུར། །

ངལ་བའི་ཁུགས་སུ་སྦ་བ་མཐོང་སྣང་རྫུན་གྱི་མདངས་ལ་ཡིད་གཡེང་ནས། །

ངོ་མཚར་བོར་བའི་རྨི་ལམ་མཚན་མོ་མཐུད་དེ་རྨིས་པས་ལན་མང་ཡང་། །

སེམས་ལ་བརྣགས་པའི་ལས་ཀྱིས་གྱེས་མཐར་མིག་ཆུ་སྐྱུར་དོན་སུ་ཡི་ཆེད། །

བརྗོད་གཞི་དབུས་སུ་ཉར་ནས་བརྗོད་པ་རིང་མོ་ཞིག་གིས་འཆར་བཀོད་མང་། །

སྲིད་པའི་གླུ་ལ་སྦྱར་བའི་གཉིས་འཛིན་རིག་པའི་གར་མཁན་སྒྱུ་འཕྲུལ་ལྡན། །

སྲིད་གསུམ་ངག་གི་གཙང་པོར་ལས་ཀྱི་སྟངས་སྟབས་བརྒྱུད་དེ་ཐོལ་བྱུང་བའི། །

ཤུགས་འབྱུང་ཚོར་བའི་གདེང་དུ་རྣམ་འགྱུར་འདྲ་བ་སྤུངས་ན་ཡི་ག་རྒོད། །

དེས་ཀྱང་བསམ་པའི་གཞུང་ནས་ལས་མཐུན་འཚོ་བ་སྔོག་པའི་རྣམ་པ་སྟེར། །