国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ང་དང་དཔལ་ལྷ་སྒང་བར་གྱི་ལས་འབྲེལ།

ལྷ་སྒང་རྩྭ་ཐང་དུ་རྟ་རྩལ་འགྲན་བཞིན་པ།

1986ལོའི་དབྱར་ཟླ་བརྒྱད་པར་ཕ་ཡུལ་འབའ་ནོར་བུ་ས་ཆ་ནས་ཁ་བྲལ་ནས་གསེར་རྟར་ཨ་ནེ་སར་ཐེངས་དང་པོ་འགྲོ་་སྐབས་ལམ་བར་དུ་ཡངས་ཤིང་རྒྱ་ཆེ་བའི་ལི་ཐང་འབུམ་གཡག་ཐང་བརྒྱུད་སྐབས་གངས་རི་དང་རྩྭ་ཐང་།གུར་སོགས་དང་། རྫི་བོའི་ལ་གཞས་དང་རྟ་ནོར་ལུག་གསུམ་གྱི་འབའ་ངུར་མཚེར་སྐད་མཆེད་ཅིང་། རྒྱུ་སྐར་དོ་ཤལ་ས་ལ་འཕོས་པ་ལྟ་བུའི་གྲོང་པ་སོ་སོའི་ཁང་ཐོག་ཏུ་གཡུ་འབྲུག་དགུང་ལ་འཁྱུག་པ་ལྟར་དུ་བ་འཕྱོ་ཞིང་། རོང་ཡུལ་ནས་འཚར་ལོངས་བྱུང་བའི་མཐོང་རྒྱ་ཆུང་བའི་བུ་མོ་ངས་ཡ་མཚན་ཆེན་པོ་སྐྱེས་བྱུང་།

རླངས་འཁོར་ཉག་ཆུ་ཁ་བརྒྱུད་དེ་གཞུང་ལམ་ངོགས་གཉིས་སུ་ལྗོན་ཤིང་གྲལ་འགྲིག་པའི་ར་རྔ་ཁར་སླེབ་སྐབས་རི་མོའི་ནང་དུ་ལངས་པའི་སྣང་བ་སྟེར་ཅིང་། དེ་ནས་རླངས་འཁོར་ལྷ་སྒང་ཕྱོགས་སུ་བརྒྱུད་དུས་ཐོག་རྩེག་དམའ་བའི་བོད་ཁང་ཆུང་ཆུང་དང་སྦྲ་ནག་ཐ་རེ་ཐོ་རེ་ཕུབ་ཡོད་པ་མཐོང་། བོད་ཁང་དང་སྦྲ་གུར་དེ་ཚོ་ལས་དགོན་པ་ནི་བརྗིད་ཉམས་ལྡན་པ་ཞིག་ཡིན་ལ། གྲོང་རྡལ་ཡོངས་ཀྱི་ཆེས་མཐོ་བའི་འཛུགས་སྐྲུན་ཞིག་ཏུ་གྱུར། གྲོང་རྡལ་ཆུང་ཆུང་དེའི་ཁྲོམ་ལམ་དུ་མི་འགྲོ་འོང་བྱེད་མཁན་ཡང་ཧ་ཅང་ཉུང་ཉུང་རེད།ཕྱིས་སུ་བུ་མོ་ང་དར་མདོ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ནས་ར་རྔ་ཁར་སློབ་གསོ་ལས་ཀར་ཞུགས་ཚེ། ད་གཟོད་ལྷ་སྒང་ནི་དར་མདོ་གྲོང་ཁྱེར་གྱི་འབྲོག་ལས་རྐྱང་པའི་གྲོང་རྡལ་གཅིག་པུ་ཡིན་པ་ཤེས། དར་མདོ་གྲོང་མཁར་ནས་བར་ཐག་སྤྱི་ལེ་བརྒྱ་ལྷག་ཡོད་པ་དང་།ཕྱིས་སུ་ང་རང་ཡང་ལྷ་སྒང་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་གཞོན་ནུ་ཞིག་དང་གཉེན་སྒྲིག་བྱས་ནས་ལྷ་སྒང་དུ་འགྲོ་བའི་ཐེངས་གྲངས་རིམ་བཞིན་མང་དུ་ཕྱིན་པ་དང་།ལྷ་སྒང་རྩྭ་ཐང་འདིར་་རྒྱུས་ལོན་སྔར་ལས་ཟབ་མོ་ཕྱིན་ནས། རྩྭ་ཐང་འདིར་དགའ་པོ་བྱུང་།

དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་འགོའི་ལྷ་སྒང་རྩྭ་ཐང་ནི་གང་སར་ས་རྐོ་རྡོ་སློང་བྱས་ནས་མིག་ལ་མཛེས་པའི་རྩྭ་ཐང་ཞིག་མཐོང་རྒྱུ་ག་ལ་ཡོད། ཡུལ་དེ་གར་བྱེ་གསེར་མང་པོ་ཡོད་པས། གསེར་རྐོ་མཁན་གྱིས་འདམ་རྡོ་བསློགས་ནས་ལྷ་སྒང་རྩྭ་ཐང་ལ་གནོད་འཚེ་ཆེན་པོ་ཐེབས་པ་རེད།

གྲོང་རྡལ་དེའི་ས་ཁད་མཐོ་ཞིང་མཚོ་འཕགས་སྨི3750ནས4300བར་ཡོད་པ་དང་། གྲོང་རྡལ་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ལྷ་སྒང་གྲོང་ཚོའི་མཚོ་འཕགས་སྨི3780ཡོད་པ། ལྷ་སྒང་གྲོང་རྡལ་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ15ཡོད་པ་དང་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ717ཡོད། ལྷོ་དང་བྱང་།ནུབ་ཕྱོགས་བཅས་སོ་སོར་དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་དང་རོང་བྲག་རྫོང་།རྟའུ་རྫོང་བཅས་དང་འབྲེལ་ཡོད། ཁོངས་ཡོངས་སུ་རྒྱལ་ལམ317བརྒྱུད་པ་ཡིན་ཞིང་།འགྲིམ་འགྲུལ་སྟབས་བདེ་ཡིན་ཡང་ཐོན་ལས་ཀྱི་འདེགས་སྐྱོར་མི་འདང་བའི་དབང་གིས་ས་གནས་དེ་གའི་འཕེལ་རྒྱས་ཧ་ཅང་རྗེས་ལུས་ཡིན་པ་རེད།

1993ལོའི་ལོ་མཇུག་ཏུ་ལྷ་སྒང་གྲོང་རྡལ་ཡོངས་སུ་གཏན་སྡོད་བྱེད་མཁན་འབྲོག་པ་དུད་ཚང471མ་གཏོགས་མེད་པས་ཁྱིམ་གྲངས་བསྡོམས་འབོར་གྱི་བཅུ་ཆ་གསུམ་ཡས་མས་ལས་ཟིན་མེད། ཡུལ་དེ་གར་བྱེ་གསེར་ཐོན་ཚད་མང་བས་གསེར་རྐོ་མཁན་མང་པོ་དེར་འོངས་ནས་བྱེ་གསེར་བརྐོས། བྱེ་གསེར་གང་བྱུང་དུ་བརྐོས་པ་ལས་མི་ཉུང་ཤས་ཤིག་ལ་དུས་ཐུང་གི་ཡོང་འབབ་མང་ཙམ་ཐོབ་པ་ལས་མི་སེར་ཡོངས་ལ་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་མེད། ཕུགས་ཡུན་རིང་པོར་བལྟས་ན་བྱེ་གསེར་གང་བྱུང་དུ་བརྐོས་པ་དེས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཟོས་པར་མ་ཟད། འབྲོག་ལས་འཕེལ་རྒྱས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད། དེར་བརྟེན་སྐབས་དེའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་། ཁྲིམས་འཛིན་ཁང་བཅས་དང་། རྒྱལ་ས་དང་ཆུ་བེད། ཞིང་འབྲོག་བཅས་ལས་ཁུངས་མང་པོ་སྒྲིག་འཛུགས་ཀྱིས་ལས་དོན་ཚོ་ཆུང་བཙུགས་ཏེ་བྱེ་གསེར་གང་བྱུང་རྐོ་བ་དང་།རྩྭ་ར་དང་ཆུའི་སྐྱེ་ཁམས་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་བ་དང་།བྱེ་གསེར་རྐོ་བར་བཀག་སྡོམ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

ད་ཆར་ལྷ་སྒང་རྩྭ་ཐང་དུ་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཡུལ་སྐོར་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ།ལོ་ངོ30རིང་ལྷ་སྒང་ལ་གནམ་ས་བླ་འོག་ཏུ་བསྒྱུར་བའི་འགྱུར་ལྡོག་ཆེན་པོ་བྱུང་བར་ངས་ཀྱང་བདེན་དཔང་བྱ་ཆོག་སྟེ། ལྷག་པར་དུ་དར་མདོའི་གནམ་ཐང་བསྐྲུན་པ་ནས་གསར་དུ་བསྣན་པའི་དར་མདོ་གནམ་ཐང་གཞུང་ལམ་དེ་ལྷ་སྒང་གྲོང་རྡལ་བར་བསྲིངས་པ་དང་ཆབས་ཅིག། མི་རྒོད་མཚོ་ཡུལ་སྐོར་གཞུང་ལམ་ཡང་ལྷ་སྒང་ནས་གནམ་ཐང་བར་འབྲེལ་མཐུད་བྱས་ཡོད། སྔ་རྗེས་སུ་འབྲོག་པ་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་དབུལ་ཐར་འགག་སྒྲོལ། ཡུལ་སྡེ་དར་རྒྱས་སོགས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས་ད་ལྟ་ལྷ་སྒང་གྲོང་རྡལ་གྱི་འགྲིམ་འགྲུལ་སྟབས་བདེ་ལ།འབྲོག་པ་རྣམས་དབུལ་ཕོངས་ཀྱི་ཞྭ་མོ་དོར་ནས་ཡུལ་སྐོར་གྱི་ལས་ལ་བྲེལ་བཞིན་མཆིས་སོ།།

དེང་སང་གི་དབྱར་དུས་ཀྱི་ལྷ་སྒང་རྩྭ་ཐང་ནི་ལྗང་མདོག་གི་སྣུམ་ཚོན་བྱུག་པ་དང་འདྲ་སྟེ། ཆུ་བོ་དྭངས་ཤིང་གསལ་བ། བརྗིད་ཉམས་ལྡན་པའི་གངས་དཀར་རི་བོ་དང་བཞག་བྲ་ལྷ་རྩེ་ཡིས་དེ་གའི་འགྲོ་འོང་རླངས་འཁོར་བསུ་སྐྱེལ་བྱས་ནས་གྲོང་རྡལ་ཆུང་ཆུང་གི་མཛེས་སྡུག་དང་འཕོ་འགྱུར་བདེན་དཔང་བྱེད་བཞིན་ཡོད། ལྷ་སྒང་གྲོང་རྡལ་གྱི་འཛུགས་སྐྲུན་ཡང་སྔ་ལས་ཇེ་རྒྱས་སུ་ཕྱིན་པ་དང་ཁྲོམ་ལམ་དེ་བས་ཡངས་ཤིང་མཛེས་སྡུག་ལྡན་པར་གྱུར། གྲོང་རྡལ་ཡོངས་ཀྱི་དུད་ཚང2300ལྷག་དང་འབྲོག་པ་ཁྲིར་ཉེ་བ་ཁྱོན་ཡོངས་ནས་གཞིས་ཆགས་ཡོད་པ་རེད།

འབྲོག་པ་དུད་ཚང་སོ་སོའི་སྒོ་རར་མེ་ཏོག་དང་སྔོ་ཚལ་སྣ་ཚོགས་འདེབས་ཡོད་པ་དང་གྲོང་སྡེའི་དུད་ཚང་ཡོངས་ཀྱི་སྒོ་ཁར་ཨར་འདམ་ལམ་གྱིས་སྦྲེལ་ཞིང་། ཁྲོམ་ལམ་ཟུར་གྱི་གད་སྙིགས་སྒམ་གྲ་འགྲིག་པོར་བསྒྲིགས་པ་སོགས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་ཡོངས་སུ་འཛོམས་ཤིང་མཛེས་སྡུག་གི་བཀོད་པས་ཡུལ་ལུང་བརྒྱན་པའི་ལྷ་ཡུལ་ལྟ་བུའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

གནམ་ཐང་ལམ་ལ་བརྟེན་ནས་འཕེལ་རྒྱས་ཕྱིན་ཞིང་དེང་རབས་ཅན་གྱི་རྣམ་པ་དོད་པའི་རྡོ་ར་དཀར་མོ་གྲོང་སྡེར་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་། སྒོ་རྩིས་ཚོང་ཁང་། གྲོང་སྡེའི་འཕྲོད་བསྟེན་ཁང་། སྡེ་ལམ། ཡུལ་མིའི་སྡོད་ཁང་བཅས་ཚང་མར་ཉམས་འགྱུར་མངོན་གྱིན་ཡོད། ལྷ་སྒང་གྲོང་རྡལ་གྱི་ཁྲོམ་གཞུང་དང་སྲང་ལམ་དེ་སྔའི་ས་རྡོའི་ལམ་ངོས་དེ་ཨར་འདམ་གྱི་ལམ་དང་སྣུམ་ལམ་དུ་བསྒྱུར་བ་རེད།

ལྷ་སྒང་ཞེས་པ་ནི་ལྷ་བླ་མ་དགའ་བའི་གནས་ཡིན་པའི་བཤད་སྲོལ་ཡོད་ལ། ད་ཆར་ཡུལ་སྐོར་བ་ཚོ་དེ་བས་དགའ་བའི་གནས་སུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་ལྷ་སྒང་གྲོང་རྡལ་གྱིས་དབུལ་སྐྱོར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས་ཐོབ་པའི་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱས་ཏེ།“དར་མདོ་གྲོང་ཁྱེར་དང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་སྔོན་སྐྱོད་དཔེ་སྟོན་གྲོང་རྡལ”གྱི་གོ་སྐབས་དམ་འཛིན་བྱས་ཏེ། ཡུལ་དེ་གའི་དོན་དངོས་དང་མཐུན་ཞིང་ས་ཁོངས་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་འགྲོ་ལམ་ཞིག་འཚོལ་ཞིབ་བྱས་ཏེ།“རིག་གནས་གསར་གཏོད་དང་ཡུལ་སྐོར”དང་།“འཁྲབ་སྟོན་དང་ཡུལ་སྐོར”།“དམངས་སྲོལ་རིག་གནས་དང་ཡུལ་སྐོར”སོགས་བསྲེས་འདྲེས་བྱས་པའི་མ་དཔེ་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་དང་འབྲོག་ལས་མཉམ་འདྲེས་འཕེལ་རྒྱས་ལ་བསྐུལ་ཏེ། ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ལྡན་པའི་ལས་གཞི་འབོར་ཆེན་གྲུབ་པ་དང་།རིམ་པ་མཐོ་ཞིང་གཞི་ཁྱོན་ལྡན་པའི་ཡུལ་མི་གནས་ཚང་དང་མགྲོན་ཁང་ཁག་གཅིག་ཆར་རྗེས་ཤ་མོ་སྐྱེ་བ་ལྟ་བུ་ལྷ་སྒང་རྩྭ་ཐང་དུ་དོད་པ་རེད།ཚང་མའི་འབད་བརྩོན་ལས་འབྲོག་པའི་ཡོང་འབབ་འཕར་བ་དང་ཐུན་མོང་དཔལ་འབྱོར་ཆེ་རུ་ཕྱིན་པའི་མཉམ་ཁེ་ཐོབ་པའི་རྣམ་པ་གསར་པ་ཞིག་མངོན་འགྱུར་བྱུང་ཡོད།

2024ལོ་ཁོ་ནར་གྲོང་རྡལ་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི50ནས1000ཡན་རག་པའི་གྲོང་ཚོ6ཐོག་སླེབས་པ་དང་གྲོང་རྡལ་ཁོངས་གཏོགས་སྲིད་འཛིན་གྲོང་ཚོ་ཡོངས་ཀྱི་བཅུ་ཆ་བཞིར་ཟིན་པ་དང་། གྲོང་རྡལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི1.5ལྷག་ལ་ཟིན་ནས་ལོ་གོང་མ་ལས་བརྒྱ་ཆ21འཕར་ཡོད།

(ལྷ་འཛོམས་ཀྱིས་བྲིས་ཤིང་ནོར་བུས་པར་བླངས།)