( ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་གྱ་དྲུག་པའི་པར་ངོས་གཉིས་པའི་འཕྲོར་མཐུད། )
ལེའུ་ལྔ་པ། ཚེ་རིང་རྣམ་དྲུག་དང་ནོར་བུ་ཆ་བདུན་གྱི་འགྲེལ་བཤད།
དང་པོ། ཚེ་རིང་རྣམ་དྲུག་གི་རིས་འགྲེལ།
དེ་ཡང་གནའ་བོའི་བཤད་སྲོལ་རྒྱུན་ལྡན་དུ་བྱུང་བའི་འཆི་མེད་ཚེ་ཡི་དཔལ་ལ་དབང་འབྱོར་བའི་གྲངས་གནས་དྲུག་ཏུ་ངེས་པ་སྲོག་ཆགས་དང་དངོས་པོ་ཆུ་ཤིང་དང་བྲག་སོགས་ནི། བྲག་ཚེ་རིང་དང་། ཆུ་ཚེ་རིང་། ཤིང་ཚེ་རིང་། མི་ཚེ་རིང་། བྱ་ཚེ་རིང་། རི་དྭགས་ཚེ་རིང་སྟེ་མི་འདྲ་བ་དྲུག་པོའི་མཚོན་བྱེད་བརྡ་རྟགས་རྣམས་གཤམ་གསལ།
(༡) བྲག་ཚེ་རིང་།དབྱིབས་དུང་དཀར་གཡས་སུ་འཁྱིལ་བ་འདྲ་བའི་ལྟེ་བའམ་མགུལ་ནས་འཆི་མེད་ཚེ་ཡི་སྒྲུབ་ཆུ་རྒྱུན་དུ་འབབ་པ་མཐོང་མ་ཐག་ནས་ཡིད་ལ་སྤྲོ་བ་སྟེར་ནུས་པའི་རང་བཞིན་དང་ལྡན་པ།
(༢) ཆུ་ཚེ་རིང་། གོང་བཤད་བྲག་རི་དེ་ལྟ་བུ་ལས་བདུད་རྩི་ལྟ་བུའི་ཆུ་བབས་པ་དེ་འཐུང་ན་ཚེ་རིང་པོ་བརྟན་ནས་རྒས་འཆི་སོགས་མྱུར་དུ་མི་འབྱུང་བ།
(༣) ཤིང་ཚེ་རིང་། མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་ལོ་འདབ་རྒྱས་པའི་ལྗོན་ཤིང་གི་གྲིབ་མ་ཕོག་པ་ཙམ་གྱིས་ཚེ་རིང་བར་ཕན་པའི་ནུས་ལྡན་གྱི་ཤིང་སྡོང་ཞིག་ཡིན།
(༤)མི་ཚེ་རིང་། ཚེ་ལོ་དུ་མ་བཞུགས་པའི་སྨིན་མ་དང་སྨྲ་ར་དུང་ལྟར་དཀར་བའི་མི་རྒན་སྙིང་རྗེ་ངང་གིས་འབྱུང་བའི་ཉམས་དང་ལྡན་པ་ཕྱག་གཡས་པས་ལག་རྟེན་དང་གཡོན་པས་རི་དྭགས་ལ་བྱིལ་བྱིལ་གཏོང་བ་ཞིག་ཡིན།
(༥)བྱ་ཚེ་རིང་། མི་རྒན་གྱིས་གསོས་པའི་ལྷ་བྱ་ཁྲུང་ཁྲུང་མགྲིན་པ་དང་རྐང་པ་རིང་ཞིང་། དཀར་ནག་མངོན་པར་བཀྲ་བའི་ཏོག་དམར་པོ་ཡོད་པའི་བྱ་ཚེ་རིང་པོ་དང་ལྡན་པ།
(༦) རི་དྭགས་ཚེ་རིང་། མི་རྒན་སེམས་བཟང་དང་ཐག་ཉེ་སའི་སྤང་ལྗོངས་ཞིག་གི་སྟེང་དུ་ཤ་བ་རྭ་ཅོ་ལ་བཅུད་རྒྱས་ཤིང་བག་ཡངས་སུ་རྒྱུ་བའི་ཚེ་ལོ་མཐར་ཕྱིན་པའི་ཤ་བ། འོག་ཏུ་འདིའི་རྩ་ཚིག་གི་འགྲེལ་བཤད་ལ་གཟིགས།
གཡོ་མེད་རྒྱ་མཚོའི་ཆུ་དང་བྲག་རི་ཤིང་།།བྱ་དང་རི་དྭགས་འགྲོ་བ་མི་ཡི་རིགས།།ཚེ་རིང་སྲོག་གི་ཀ་བ་རབ་བརྟན་ནས།།འཇིག་རྟེན་འདི་ཀུན་རྟག་ཏུ་བདེ་གྱུར་ཅིག ཅེས་པ་ལྟར། ཐོག་མར་ཆུ་ཚེ་རིང་དང་བྲག་ཚེ་རིང་། ཤིང་ཚེ་རིང་ས་གཞི་དང་རི་ཆུ་བཅས་ཕྱི་སྣོད་ཀྱི་འཇིག་རྟེན་ཁོར་ཡུག་ལ་གནོད་པ་བྱེད་མི་ཉན་པའི་ཚུལ་བསྟན་པའི་དོན་ནི་གོང་བཤད་ཀྱི་རི་ཆུ་བྲག་གསུམ་གྱི་ཚེ་ཐག་ཡུན་རིང་དུ་གནས་ཐུབ་པར་བྱེད་དགོས་ཞེས་པའི་དོན་མཚོན་པ་རེད། གཉིས་པ་ནི་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་འདབ་ཆགས་བྱའི་རིགས་དང་། རི་སྐྱེས་སྲོག་ཆགས་རི་དྭགས་ཀྱི་རིགས་རྣམས་དང་ཤུགས་བསྟན་ལ་གཅན་གཟན་སྟུམ་པོའི་ཤ་གཟན་གྱི་རིགས་དང་། འགྲོ་བ་མི་ཡི་རིགས་ཚང་མ་ཚེ་རིང་ཞིང་འདྲ་མཉམ་གཉིས་ཕན་གྱི་སྲོག་གི་ཀ་བ་དེ་རབ་ཏུ་བརྟན་ཅིང་། སྤྱི་ཚོགས་འཆམ་མཐུན་ཡོང་ཐབས་བྱས་ནས་འཇིག་རྟེན་འདི་དུས་རྟག་ཏུ་བདེ་བར་གནས་པར་གྱུར་དགོས་ཞེས་པའི་མཚོན་བྱེད་ཀྱི་རི་མོའི་བརྡ་རྟགས་ཀྱི་དོན་བསྟན་པ་ཡིན།
གཉིས་པ། ནོར་བུ་ཆ་བདུན་གྱི་རིས་འགྲེལ།
དེ་ཡང་ནོར་བུ་ཆ་བདུན་ལ་རྒྱལ་པོའི་རྣ་ཆ་དང་། བཙུན་མོའི་རྣ་ཆ་དང་། བློན་པོའི་བྲང་རྒྱན། བསེ་རུའི་རྭ། བྱུ་རུའི་སྡོང་པོ། གླང་ཆེན་གྱི་མཆེ་བ། ནོར་བུ་མིག་གསུམ་བཅས་བདུན་དུ་བགྲང་ཀྱང་། བཀོད་པ་ལ་མི་མཛེས་པས་ལྷའི་ནོར་བུ་འབར་བ་དང་། མིའི་ནོར་བུ་མིག་གསུམ། ཀླུའི་ནོར་བུ་མིག་གཅིག་བཅས་ནོར་བུ་རིགས་གསུམ་དགའ་འཁྱིལ་ལམ། ཡང་གོང་དུ་ལྷའི་ནོར་བུ་མེ་འབར་མ། གཡས་སུ་མིའི་ནོར་བུ། ཡང་ན་གོང་དུ་ལྷའི་ནོར་བུ་མེ་འབར་བ། གཡས་སུ་མིའི་ནོར་བུ། གཡོན་དུ་ཀླུའི་ནོར་བུ་བཅས་བརྩེགས་མ་ལྟར་བྱ། ཁ་དོག་ལ་ལྷའི་ནོར་བུ་ནི་ནོར་བུ་ཀུན་གྱི་རྒྱལ་པོ་སྟེ་བཻ་ཌཱུརྱའི་མདོག་དུ་བཤད་ཀྱང་ཚོན་སྡེབ་དང་ཆ་ལྡན་ལ་མཛེས་ཆེད་མདོག་སྣ་ཚོགས་པ་འབྱུང་ངོ་།།
ལེའུ་དྲུག་པ། མཐུན་པ་སྤུན་བཞི་དང་འདོད་ཡོན་ལྔའི་འགྲེལ་བཤད།
༡ མཐུན་པ་སྤུན་བཞིའི་རིས་འགྲེལ།
དེ་ཡང་སྔོན་ཀྱི་དུས་སུ་ཡུལ་གངས་ཅན་བྱ་བའི་ནགས་ཚལ་སྟུག་པོའི་ནང་དུ་བྱ་གོང་མ་སྲེག་པ་དང་རི་བོང་། སྤྲེའུ། གླང་ཆེན་བཞི་པོ་ཕན་ཚུན་མཛའ་ཞིང་མཐུན་པར་གྱུར་ནས་རང་བྱུང་གི་རྩྭ་ཆུ་རྩི་ཤིང་བཅས་ལ་ལོངས་སྤྱོད་ནས་སོས་དལ་བསྡད་ཡོད་སྐབས་ཉིན་ཞིག་ཁོང་རྣམས་ཀྱིས་ཆེ་བཀུར་ཆུང་བྱམས་དང་ཚུལ་ལྡན་གུས་སྲོལ་བྱེད་དགོས་པའི་གྲོས་མོལ་ཞིག་བྱས་ནས་ལོ་གང་ཆེ་ན་ཆུང་བ་ཚོས་དེ་ལ་བརྩི་བཀུར་ཞུ་རྒྱུས་ཐག་བཅད། ཁོང་བཞིས་ལོ་ན་གང་ཆེ་བརྟག་སྐབས་ཆེ་བ་སྲེག་པ་དང་འབྲིང་བ་རི་བོང་དེ་ལས་ཆུང་བ་སྤྲེའུ་ཆེས་ཆུང་བ་གླང་ཆེན་ཡིན། དེ་ནས་བཟུང་སྟེ་ཆེ་བས་ཆུང་བ་ལ་ཞེ་ས་བཀུར་སྟི་བཟང་པོ་བྱེད་སྲོལ་བྱུང་ཡོད།
ཡང་ཁོང་ཚོས་ང་ཚོ་ལ་ཞེ་ས་དང་གུས་བཀུར་རྐྱང་རྐྱང་གིས་མི་ཕན་པས་ད་དུང་བསླབ་ཁྲིམས་ཁག་ལྔ་བསྲུང་དགོས་རྒྱུའི་གྲོས་ཐག་བཅད་ནས་ཚང་མས་སྲོག་གཅོད་མང་པོར་མི་བྱ་བ་དང་། གཞན་ནོར་ལ་རྐུ་འཕྲོག་མི་བྱ་བ། འདོད་ལོག་མི་སྤྱོད་པ། རྫུན་མི་སྨྲ་བ། ཆང་རག་ཚོད་མེད་མི་འཐུང་བར་ཁས་བླངས་པར་མ་ཚད་གཞན་བྱ་རིགས་དང་རི་དྭགས། གཅན་གཟན་བཅས་ཚང་མ་ལ་ཁོང་རྣམས་ཀྱིས་སློབ་གསོ་བྱས་ནས་ཚང་མས་དེ་བཞིན་དུ་ཁས་བླངས་ནས་ཡུལ་ལུང་དེ་ལ་ཆར་ཆུ་དུས་སུ་བབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་ཀྱི་བཀྲ་ཤིས་པའི་ལྟས་བཟང་དུ་མ་བྱུང་བ་ཡིན་ཞེས་བཤད་སྲོལ་ཡོད།
སྐབས་དེར་ཡུལ་དེ་ན་རྒྱལ་པོ་ཞིག་ཡོད་པ་དེས་ཡུལ་འདི་ལ་དགེ་མཚན་འདི་འདྲ་བྱུང་བ་ནི་ང་རང་གི་མཐུ་ཡིན་ནམ་གཞན་སུའི་མཐུ་ཡིན་སྙམ་ནས་མཚན་ལྟས་མཁན་མང་པོ་བོས་ནས་དྲིས་ཀྱང་ཐག་གཅོད་མ་ཐུབ། དེ་ནས་ཡུལ་ལུང་དེ་ན་ཆེད་མཁས་པ་ཞིག་ཡོད་པ་དེ་གདན་དྲངས་ནས་ཁོང་གིས་དབྱེ་ཞིབ་བྱས་རྗེས་འདི་ནི་གཞན་སུའི་མཐུ་ཡང་མ་ཡིན་ཡུལ་འདི་ན་སྲོག་ཆགས་ཁྱད་པར་ཅན་བཞི་ཡོད་པ་དེའི་མཐུ་རེད་ཅེས་བཤད། རྒྱལ་པོས་ང་ཚོ་དེར་ལྟ་འགྲོ་ཞེས་བཤད་ཀྱང་མཁས་དབང་དེས་ལྟ་རྒྱུ་གང་ཡང་མེད་མོད། འོན་ཀྱང་ཁྱེད་རྒྱལ་བློན་འཁོར་བཅས་དང་སྡེ་མི་སེར་སོགས་ཀྱིས་བསླབ་ཁྲིམས་དེ་ལྔ་ཁས་ལེན་བྱེད་ཐུབ་ན་ཡུལ་འདིའི་མི་ལ་ན་ཚ་མེད་ཅིང་ཕྱུགས་ལ་གོད་ཁ་མེད་པར་ཟས་ནོར་ལོངས་སྤྱོད་ཀྱི་སྟོབས་འབྱོར་ལྡན་པའི་ཞི་བདེ་བྱེད་སའི་ཡུལ་ལུང་ངོ་མཚར་ཅན་ཞིག་ཏུ་འགྱུར་ངེས་ཅན་རེད་ཅེས་བཤད། ཁོང་རྒྱལ་བློན་འཁོར་བཅས་ཀྱིས་ཀྱང་དེ་ལྟར་ཁས་བླངས་ནས་ཡུལ་དེའི་སྡེ་འབངས་ཡོངས་ལ་བཀྲ་ཤིས་པར་གྱུར་ཅེས་པའི་གཏམ་རྒྱུད་བཟང་པོ་ལས་མཚོན་བྱེད་བརྡ་རྟགས་ཀྱི་རི་མོ་འདི་རྣམས་འབྲི་སྲོལ་བྱུང་བ་ཡིན།
ཆོས་ལུགས་ཀྱི་མཚོན་དོན་ནི། སྤྱིར་མཐུན་པ་སྤུན་བཞི་དེ་སློབ་ལམ་དུ་སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་ཡིན་པས་རི་མོ་དེ་བཀའ་དང་མཐུན་པ་ཞིག་འབྲི་རྒྱུ་གལ་ཆེ། ད་ལྟ་རི་མོ་བ་རྣམས་ཀྱིས་འབྲི་སྐབས་གང་མོས་ཀྱི་བྱ་དེ་རྨ་བྱ་དང་། རྒྱ་བྱ། རི་སྐོག་སོགས་སྣ་ཚོགས་ཤིག་བྲིས་ཡོད་མོད། རྒྱལ་བའི་བཀའ་འགྱུར་ཆེན་མོའི་ནང་སྟོན་པས་གསུངས་པ་དེ་གོང་མ་སྲེག་ཅེས་སྲེག་པ་ལས་ཅུང་ཆེ་ལ་རྐང་པ་དང་སྐེ་ཅུང་ཟད་རིང་བ་ཞིང་སྤུ་མདོག་སྐྱ་བོ་མཇུག་སྒྲོ་དང་གཤོག་སྒྲོ་འདབ་གཤོག་ནག་པོ་རིང་ཐུང་སྲེག་པ་དང་མཚུངས་པ་ཞིག་ཡིན་དེ་ལུགས་ཚད་ལྡན་རེ་འབྲི་གལ་ཆེ་སྙམ། དེ་དག་གི་དོན་ཅི་ཞིག་མཚོན་པ་རེད་ཅེ་ན། གོང་མ་སྲེག་ནི་དེང་གི་སངས་རྒྱས་ཤཱཀྱ་མུ་ནེ་དང་། རི་བོང་ནི་ཤཱརིའི་བུ། སྤྲེའུ་ནི་མོང་གལ་གྱི་བུ། གླང་པོ་ཆེ་ནི་ཀུན་དགའ་བོ་ཡིན་ཚུལ་སྨོན་ལམ་དག་ཡིག་ལས་བཏུས་སོ།།
དེ་ལྟར་བྲིས་པའི་རི་མོའི་ཕན་ཡོན་ནི། བཟའ་ཚང་མི་མཐུན་མཁན་དང་ལས་རོགས་གྲོས་ཀ་མི་མཐུན་མཁན། གྲོགས་པོ་བློ་མི་མཐུན་མཁན་སོགས་མཐུན་ཐབས་དང་འགྲིག་ཐབས་ལ་དགོས་མཁོ་ཆེན་པོ་ཡོད་པའི་རི་མོ་ཁྱད་པར་ཅན་ཞིག་ཡིན་ཚུལ་ནི་སྔོན་གྱི་སྲིད་པ་རྒན་པོ་ཚོས་གཏམ་རྒྱུད་ལྟར་བྲིས་པ་ཡིན།
མཚོན་བྱེད་བརྡ་རྟགས་ཀྱི་རི་མོའི་སྙིང་དོན་ནི། སྤྱི་ཚོགས་ལ་བདེ་འཇགས་དགོས་ཚུལ་དང་། འཛམ་གླིང་ཞི་བདེ་རེད་རྒྱུ་ལ་མཐོང་ཆེན་བྱེད་དགོས་ཚུལ། ཕ་མ་དང་བུ་རྒྱུད་བར་ལ་རྒྱུ་འབྲས་སྲུང་ཚུལ། རྒྱལ་ཁབ་ཀྱི་འབངས་མི་རྣམས་གྱིས་ཚུལ་ལྡན་གུས་སྲོལ་གྱི་འགྲོ་ལུགས་ཤེས་དགོས་ཚུལ། རྒྱལ་སྤྱིའི་འགྲོ་ལུགས་ཅི་དང་ཅི་ཞིག་ཡོད་ན་དེ་བཞིན་དུ་འགྲོ་ལུགས་འདེད་ཤེས་དགོས་ཚུལ་གཙོ་བོ་རྟོགས་དགོས་པར་མ་ཟད། གཞན་ཡང་གོང་བཤད་ཀྱི་རི་མོའི་དོན་ལ་རང་གིས་དབྱེ་ཞིབ་བྱས་ནས་མཚོན་བྱེད་ཀྱི་དཔེར་ཞིག་འཇོག་ན།ཁྱིམ་ཚང་ཅུང་ཆེ་བ་ཞིག་ལ་ཆ་མཚོན་ན་ཨ་མྱེ་དང་ཨ་ཕྱི། ཕ་རྒན་དང་མ་རྒན་བཞི་ནི་ཁྱིམ་ཚང་གི་མི་སྣའི་གཙོ་བོ་ཡིན་ལ། དེ་བཞི་ལ་ཆེ་ཁ་ཆུང་ཉོན་དང་། ཆེ་བཀུར་ཆུང་བྱམས་ཀྱི་མཐུན་སྒྲིལ་གོང་བཤད་ཀྱི་སྲོག་ཆགས་ལྟར་ཡོད་ན་ཁྱིམ་དེ་ལ་བཀྲ་ཤིས་ཤིང་དོན་འགྲུབ་པ་དང་། གལ་སྲིད་ཁྱིམ་དེའི་མི་བཞིའི་ནང་གི་མི་གཅིག་གིས་མཐུན་སྒྲིལ་ཡག་པོ་བྱེད་མ་ཐུབ་ཚེ་ཁྱིམ་ཚང་ཡག་པོ་ཞིག་ལ་འགྱུར་རྒྱུ་ནི་ཧ་ཅང་དཀའ་བ་ཡིན་པ་ནང་བཞིན་ཡིན།
༢ འདོད་ཡོན་རྣམ་ལྔའི་རིས་འགྲེལ།
དེ་ཡང་མིའི་འཇིག་རྟེན་གྱི་འཚོ་རྟེན་དང་མཆོད་རྫས་ཀྱི་བྱེ་བྲག་འདོད་ཡོན་རྣམ་ལྔ་ནི། གཟུགས་མེ་ལོང་དང་། སྒྲ་པི་ཝང་། དྲི་བདུག་སྤོས། (བྱུག་རྒྱུའི་དྲི་ཆབ་ལ་འཇུག་པར་བཤད།)རོ་ཞལ་ཟས། རེག་བྱ་གོས་ཆས་མཚོན་བྱེད་དར་དཀར་བཅས་ཀྱི་ཡོན་ཏན་ནམ་ནུས་པ་མི་འདྲ་བ་རྣམས་མདོ་ཙམ་ཞུས་ན།
གཟུགས་ཀྱི་ཡོན་ཏན།མིག་ཤེས་ཀྱི་ཡུལ་དུ་གྱུར་བའི་དབྱིབས་དང་ཁ་དོག་ལེགས་ཤིང་ལྟ་ན་སྡུག་པའི་གཟུགས་བཟང་གི་རྣམ་པ་ཇི་སྙེད་ཡོད་པ་ཐམས་ཅད་ལ་གོ་དགོས།
སྒྲའི་ཡོན་ཏན།རྣ་ཤེས་ཀྱི་ཉན་བྱའི་ཡུལ་དུ་གྱུར་པ་དང་ཟིན་དང་མ་ཟིན་པའི་སྒྲ་སྙན་ཞིང་འཇེབས་པའི་སྒྲ་ཡི་རིགས་ཐམས་ཅད་ལ་གོ་དགོས།
དྲིའི་ཡོན་ཏན། སྣ་ཤེས་ཀྱི་སྣོམ་བྱའི་ཡུལ་དུ་གྱུར་པའི་ལྷན་སྐྱེས་དང་སྦྱར་བྱུང་གི་དྲི་མ་བཟང་པོ་བསྲེས་ཤིང་ཡིད་ལ་འཐད་པ་སྦགས་བཙོག་མི་གཙང་བའི་དངོས་པོ་སེལ་བར་བྱེད་པ་རྣམས་ལ་གོ་དགོས།
རོའི་ཡོན་ཏན།ལྕེ་ཤེས་ཀྱི་མྱོང་བྱའི་ཡུལ་དུ་གྱུར་པའི་རོ་བྲོ་བ་མངར་མོ་དང་སྐྱུར་མོ་སོགས་རོ་ཞིམ་པོའི་རིགས་བཟའ་བཏུང་ལྡག་གཞིབ་ཀྱི་དངོས་པོ་གྱ་ནོམ་པའི་ནུས་པ་ལ་གོ་དགོས།
རེག་བྱའི་ཡོན་ཏན། ལུས་ཤེས་ཀྱི་མྱོང་བྱའི་ཡུལ་དུ་གྱུར་པའི་རེག་བྱ་འཇམ་ཞིང་དྲོ་གྲང་ཡིད་ལ་འཐད་པའི་དར་གོས་དང་དར་ཟབ་སོགས་མཛེས་ཤིང་ཡིད་ལ་འཐད་པའི་དར་གོས་དང་དར་ཟབ་སོགས་ཀྱི་ཁྱད་ཆོས་སྟེ། དེ་རྣམས་ཡུལ་དམ་པ་ལ་མཆོད་པ་ཕུལ་བས་འདོད་ཡོན་ལས་མངོན་པར་ཞེན་པའི་བག་ཆགས་སྦྱོང་ཤིང་། མཐར་ཐུག་རྡོ་རྗེ་སྒེག་མོ་མ་ལ་སོགས་པའི་ངོ་བོར་གནས་སུ་དག་པར་འགྱུར་བའི་དོན་མཚོན་བྱེད་དེ། དེ་ཡང་ཇི་སྐད་དུ། གཟུགས་སྒྲ་དྲི་རོ་རེག་ལ་སོགས།།རྣམ་སྨིན་མུཾ་དུ་ཤེས་པར་བྱ།།ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ་ཞེས་སོགས་གསུངས་པ་ལྟར་ཤེས་པར་བྱའོ།། མདོར་ན་རི་མོ་འདི་ཡུལ་གང་དང་ཁྱིམ་ཚང་ལས་ཁུངས་སོགས་གང་དུ་ཡོད་ན་དེར་ཟ་རྒྱུ་དང་འཐུང་རྒྱུ་རྒྱུན་མི་ཆད་པར་འབྱུང་བར་འགྱུར་རོ།།
ལེའུ་བདུན་པ། མི་མཐུན་གཡུལ་རྒྱལ།
དགྲ་གཤེད་དུ་གྱུར་པའི་སྲོག་ཆགས་རིགས་གཉིས་རེ་ཕྱོགས་གཅིག་ཏུ་བསྡེབས་ནས། མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་པའི་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན་མའམ་མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བའི་རི་མོ་ནི། སེང་གེ་དང་བྱ་ཁྱུང་འདུས་པ་ལས་བྱུང་བའི་གངས་ཀྱི་སེང་གེ་ཁྱུང་གི་མགོ་བོ་དང་གཤོག་པ་ཅན་ཁྱུང་རྭ་ནོར་བུ་འབར་བས་བརྒྱན་པ། ཆུ་སྲིན་དང་དུང་འདུས་པ་ལས་བྱུང་བའི་ཆུ་སྲིན་དུང་གི་མཇུག་མ་ཅན་ནམ། ཆུ་སྲིན་དུང་ན་གནས་པའི་ཚུལ་ལ་མཇུག་མ་པ་ཏྲ་འཁྱིལ་བས་སྤྲས་པ། ཉ་དང་སྲམ་འདུས་པ་ལས་སྲམ་གསེར་ཉའི་མགོ་ཅན་ལ་ཁ་སྤུ་དཀར་པོས་མཛེས་པ་བཅས་འབྲི་སྲོལ་ཡོད་ཅིང་། གཞན་ཡང་སྟག་དང་འབྲུག་འདུས་པ་ལས་རྒྱ་སྟག་ཁྲ་བོ་འབྲུག་གི་མགོ་བོ་ཅན་ཞིག་བསྣན་པས་བཞི་བྱེད་པ་དང་སྟག་འབྲུག་འདུས་པ་མི་འབྲི་བའི་ལུགས་གཉིས་སྣང་ཡང་དེའི་འབྱུང་ཁུངས་དང་བཤད་པ་སོགས་ཀྱི་དཔྱད་གཞི་ཁུངས་བཙན་མ་མཐོང་བས་རེ་ཞིག་མ་བྲིས་པ་ལགས་ལ། སྟག་འབྲུག་འདུས་པ་འདི་བསྣན་ན་ཟུང་ལྡན་དུ་འགྱུར་བས་ཟུར་བཞི་དང་ཕྱོགས་བཞིར་བཀོད་པ་བདེ་བས་ཕྱིས་ཀྱི་མཁས་པ་ཚོས་བསྣན་པ་ཡང་ཡིན་སྲིད་པས་དཔྱད་གཞི་ཙམ་བྲིས་སོ།།(རྫོགས་སོ།།)
དཔྱད་གཞིའི་ཡིག་ཆ།
༡ 《དུང་དཀར་ཚིག་མཛོད་ཆེན་མོ།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། པར་ཐེངས་དང་པོ། སྤྱི་ལོ༢༠༠༢ལོའི་ཟླ༤པ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས།
༢ 《ཀརྨ་གླིང་པའི་ཞི་ཁྲོའི་དབང་ཡིག》ཁྲི་འདུ་ལྕགས་སྒོ་པར་འདེབས་བཟོ་གྲྭའི་པར་ཐེངས་གཉིས་པ། སྤྱི་ལོ༢༠༠༢ལོའི་ཟླ༥པ། ཀརྨ་གླིང་པའི་གཏེར་མའོ། །
༣ 《སྨིན་གླིང་མཁན་པོའི་བརྩམས་ཆོས།》ཨོ་རྒྱན་སྨིན་གྲོལ་གླིང་གི་རྩོམ་སྒྲིག་ཁང་། པར་ཐེངས་གཉིས་པ། སྤྱི་ལོ༢༠༠༣ལོའི་ཟླ༢པ།
༤ བརྩོན་འགྲུས་རབ་རྒྱས་ཀྱིས་བརྩམས་པ།《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང་།》མི་རིགས་དཔེ་སྐྲུན་ཁང་། པར་ཐེངས་དང་པོ།
༥ ལྷག་པ་ཚེ་བརྟན་གྱིས་བརྩམས་པ།《མཚོན་བྱེད་བརྡ་རྟགས་དེ་ཉིད་སྣང་བྱེད་ཅེས་བྱ་བ་བཞུགས་སོ།།》སྤྱི་ལོ༢༠༡༩ལོའི་ཟླ༤པར། མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པ་རྣམས་སོ།།