སྙན་འཇེབས་ངག་གི་བྱིན་རླབས་སྩོལ་བའི་ལྷ། །
ལྷ་མཆོག་དབྱངས་ཀྱི་རྒྱལ་མོ་དབྱངས་ཅན་ཀྱེ། །
ཀྱེ༵་ཧོ་འགྲོ་བའི་དོན་ལ་བརྩེ་བས་དགོངས། །
དགོངས་རྒྱུད་ལྷ་མོའི་དངོས་གྲུབ་བདག་ལ་སྩོལ། །
རབ་དཀར་ཞལ་རས་མཛེས་པའི་མེ་ཏོག་འཛུམ། །
འཛུམ་ཆུང་ཨུཏྤལ་གསར་པའི་གཟི་བྱིན་ཆགས། །
ཆགས་ལྡན་སྐྱེ་བོའི་ཚོགས་ཀུན་ཁྱེད་ལ་དད། །
དད་ཅན་སྐྱེ་བོའི་ཚོགས་གྲལ་ད་ཚུར་ཕེབས། །
ཉ་གང་སྟོན་ཟླའི་འོད་དཀར་འཚེར་བ་བཞིན། །
བཞིན་གྱི་དཀྱིལ་འཁོར་མཛེས་པའི་དབྱངས་ལྷ་མོ། །
མོ་རབས་མཆོག་དམན་ཀུན་གྱི་དྭངས་རྩེ་ཁྱེད། །
ཁྱེད་ཉིད་དུས་ཀུན་བདག་ཡིད་མགོན་དུ་ཚེས། །
རྣམ་རྟོག་དབྱར་སྤྲིན་འཁྲིགས་པའི་གུར་ཁྱིམ་ན། །
ན་ཆུང་མཛེས་མའི་ཚོགས་གྲལ་མང་དུ་འདུ༵ས། །
འདུས་པ་བརྒྱ་ཕྲག་མང་པོའི་དབུས་དཀྱིལ་ན། །
ན་ཆུང་སྟོང་གིས་ཟླ་མེད་ཚངས་སྲས་བསྔགས། །
སྙན་འགྱུར་ཁུ་བྱུག་གདངས་བཞིན་སྙན་པའི་སྒྲ། །
སྒྲ་འཛིན་རྣ་བའི་བུ་གས་གསན་པར་སྤྲོ། །
སྤྲོ་འཛུམ་སྣང་བ་དགྱེས་པའི་ཞལ་འཛུམ་མདངས། །
མདངས་ལྡན་བུ་མོའི་ཡང་རྩེ་བསྔགས་པར་སྤྲོ། །
༼ ན་རོ་མཁའ་ལྡིང་། ༽