国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྱག་ཀྱོག་གི་རི་ལམ་བརྒལ་ནས་དཀར་མཛེས་ལ་སོང་བ།

ཆུང་དུས་དཀར་མཛེས་ཐག་རིང་རྒྱང་ལ་ཡོད།།

འགྲོ་འདོད་སྙིང་ཤ་འདར་བའི་ཡུལ་དེ་ཡིན།།

འགྲོ་དུས་ལ་དང་ལུང་པ་བརྒལ་དགོས་ཡོད།།

འགྲོ་ལམ་ས་རྡོ་འཁྱགས་པས་བཟུང་ནས་ཡོད།།

འགྲོ་ཁར་དགའ་ཚོར་དཔག་མེད་སྣང་བ་ཡིས།།

མཚན་མོའི་གཉིད་ཀྱི་བདེ་བ་འཕྲོགས་ཏེ་ལུས།།

ནངས་མོའི་སྐྱ་རེངས་ཤར་དང་ལྷན་ཅིག་ཏུ།།

ལམ་ཁར་འགྲེང་ནས་རླངས་འཁོར་བསྒུག་དགོས་ཡོད།།

ལེ་བར་བརྒྱ་ཕྲག་ཅིག་གི་ཕར་ཕྱོགས་ཀྱི།།

གནས་མཆོག་དཀར་མཛེས་ཡུལ་དེ་སེམས་ལ་འཁོར།།

ཀྱག་ཀྱོག་ལམ་ཕྲན་ཅི་ཙམ་འཇིགས་ན་ཡང་།།

ཁྱོད་ལ་ཕྱོགས་པའི་སེམས་འདུན་འགྱུར་བ་མེད།།

འཁྱགས་རོམ་ཡོད་སར་མི་ཡིས་རླངས་འཁོར་འདེགས།།

རི་ལམ་ཉིལ་སར་རྐང་ཐང་བགྲོད་ན་བདེ།།

ཁ་ཆར་བུ་ཡུག་འཚུབ་དུས་ལྷག་ཏུ་དཀའ།།

དཀར་མཛེས་ཐེངས་རེ་ཆས་པ་སླ་མོ་མིན།།

དབྱར་དང་སྟོན་དུས་ལམ་འདི་ཆར་པས་བཅད།།

དགུན་དང་དཔྱིད་ལ་ལམ་འདི་འཁྱགས་པས་བསྡམས།།

བགྲོད་དཀའི་ལམ་བུ་ཇི་ལྟར་གཟར་ན་ཡང་།།

འགྲོ་བའི་འདུན་པ་ནམ་ཡང་འགོག་ཏུ་མེད།།

ལོ་ངོ་བཅུ་ཕྲག་གོང་གི་འཚོ་བ་དེ།།

ངན་ངོན་ཙམ་ཡང་དྲན་ན་དགའ་ཚོར་རེ།།

སེམས་ཀྱི་ཡང་སྙིང་ཞིང་དུ་བསྙེལ་མེད་པར།།

ད་དུང་ཡིད་ཀྱི་གཏིང་ན་གསལ་ལམ་ལམ།།

རྒྱལ་ཁྲིམས་ཞིང་ས་གཤིན་པོའི་ཐང་ཡངས་སུ།།

ཚན་རྩལ་རིག་པའི་དཔལ་གྱི་ལང་ཚོ་འབར།།

འཚོ་བའི་འཕོ་འགྱུར་སྐྱེན་པའི་རྟ་མཆོག་ཡང་།།

འདོད་པའི་ཚལ་དུ་སྐྱོད་པའི་སྐལ་བཟང་ལྡན།།

གོང་གི་ཐུགས་བཀོད་ཡངས་པོའི་ལྷ་ལམ་ནས།།

སྔོན་ཐོན་རིག་པའི་ཉི་གཞོན་རབ་གསལ་བས།།

འཚོ་བ་གསར་པའི་པད་དཀར་རྣམ་གྲོལ་ཏེ།།

ཉིང་བཅུད་ཅི་འདོད་རོལ་བའི་ཉིན་བྱེད་འཛུམ།།

ཡར་ཐོན་དབྱར་གྱི་མཚོ་མོའི་ངང་ཚུལ་རྒྱས།།

གློག་འོད་ཁྲ་ཚོམ་མེ་ཏོག་རྣམ་པར་བཀྲ།།

ཕྱོགས་སུ་རྐྱོང་བའི་ལམ་ཕྲན་སྔར་ལས་ཡངས།།

འགྲུལ་པ་བདེ་ལེགས་ངང་དུ་ཁྱིམ་ལ་ལོག།

འདི་ནས་ལེ་བར་བརྒྱ་ཡི་ཕར་ཕྱོགས་སུ།།

སུས་ཀྱང་མ་སློང་གནམ་འདེགས་ཀ་བ་ལ།།

ཤེལ་དཀར་མདངས་ཀྱིས་འཚེར་བའི་ལྷུན་པོའི་འདབས།།

ཁང་ཆེན་བཀོད་པ་མཛེས་ལ་གཙང་དག་ཞིང་།།

དཀར་མཛེས་གྲོང་ཁྱེར་སྔར་ལས་ལྷག་པར་བརྗིད།།

ཚོང་ཟོང་སྣ་མང་ལྟ་བའི་མིག་ལ་མཚར།།

ཟས་བཅུད་དྲི་བཟང་སྣོམ་བྱེད་ལྕགས་ཀྱུར་འཕོས།།

ཚོང་འདུས་མགྲོན་ཚོགས་འདུ་འགོད་སྤྲིན་ལྟར་བསྐྱོད།།

ཚངས་པའི་སྐྲ་ཉག་འཐོར་འདྲའི་སྣུམ་ལམ་ཟུར།།

རྒྱ་ལྕང་ལོ་མའི་ཚོགས་རྣམས་གུས་ཉམས་ཀྱིས།།

ཡང་ན་ངལ་བ་གསོ་བའི་བསིལ་གཡབ་སླད།།

གནས་འདིར་བྱོན་པའི་མགྲོན་རྣམས་དང་བས་བསུ།།

ལམ་འགྲམ་ཁྲི་ལྕོག་སྟེང་གི་མེ་ཏོག་ཀུན།།

འཕྲུལ་བསྒུལ་རླངས་འཁོར་བགྲོད་པར་ཞལ་ཕྱོགས་ནས།།

མ་བཅོས་འཛུམ་བག་གྲོལ་དང་སྟབས་ཅིག་ཏུ།།

བསུ་སྐྱེལ་ཡང་ཡང་གནང་ཞིང་གར་ལ་བྲེལ།།

མཚན་མོའི་སྲང་ལམ་ཉུལ་བའི་སྐྱེ་འགྲོ་ཀུན།།

གློག་སྒྲོན་ཁྲ་ཚོམ་འོག་ནས་དགའ་ལྷང་ལྷང་།།

རང་མཐུན་ཚེ་ཡི་གྲོགས་དང་ལྷན་ཅིག་ཏུ།།

སེམས་གཏམ་རེས་མོ་ལབ་ཀྱིན་ལྗོངས་རྒྱུར་འགྲོ།།

གཡས་ན་གངས་དཀར་ཤེལ་གྱི་དབལ་སོ་རྣོ།།

གཡོན་ན་སྤང་རི་གཡུ་ཡི་མནྜལ་མཛེས།།

བར་ན་མཐོང་བ་ཀུན་སྨོན་དཀར་མཛེས་ཞིང་།།

སྙན་པའི་གྲགས་པ་རྐང་གཉིས་རྣ་བའི་བཅུད།།

ཁོད་ཡངས་གནས་སུ་འཕོས་པའི་ཡུལ་འདི་ནི།།

ཕྱོགས་བཅུར་གཟེངས་པའི་རི་བོའི་དཔངས་ཚད་དེ།།

འདི་ལས་ཅུང་ཟད་ས་དབྱིབས་བབས་གྱུར་ན།།

དགུང་སྔོན་ཐང་ལ་རེག་པའི་འཕྱང་མོའང་སྐྱེས།།

གོང་གི་ཐུགས་བཀོད་འཕྲིན་ལས་གཙང་པོའི་རྒྱུན།།

ཡུལ་འདིའི་ནོར་འཛིན་ལྟེ་བར་བཞུར་གྱུར་པས།།

འགྲོ་ལ་ཕན་པའི་མཛད་བཟང་སྙིང་བཅུད་ཀྱིས།།

འདི་ལྟར་ཕུན་ཚོགས་སྡེ་བཞིའི་དཔལ་འབར་བྱུང་།།

ཨེ་མ་རྨད་དོ་དྭངས་གཙང་ཁ་བའི་ལྗོངས།།

གངས་རིའི་རང་མདངས་མི་ཉམས་བརྟན་པའི་ཞིང་།།

སྨུག་པའི་དར་གོས་ཆད་མེད་མགུལ་ཆིངས་མཛེས།།

ཡུལ་འདིའི་སྣོད་བཅུད་བཀོད་པ་རྟག་བརྟན་ཤོག།

༼ གློག་འོད།༽