རྟོག་སྣང་སྒྱུ་མའི་གཟུགས་སུ་བྲིས་པའི།།
ཚིག་གི་ཚོར་གཤིས་མངར་ལ་སྐྱུར་མོ།།
སྨྱུ་གུའི་རྩེ་ནས་དལ་གྱིས་ལུད་དེ།།
འཁོར་བའི་གྲོང་གི་མི་ལ་འབུལ་འདོད།།
བརྩེ་བའི་འཇའ་སྐུད་དགུང་ལ་འཐེན་པ།།
ཉི་མ་ཟླ་བའི་འགྲོ་ཕྱོགས་ཡིན་ན།།
སེམས་ཀྱི་མིག་ཟུང་སྙིང་ལ་ཕྱོགས་པ།།
ང་དང་ཁྱོད་ཀྱི་ཞེན་ཆགས་ཡིན་འདྲ།།
ཕན་ཚུན་འདང་གིས་ཕྲ་རྒྱན་བཏབ་པའི།།
ལས་དབང་གནམ་གྱི་བསྐོས་པ་དྲན་ན།།
འཛུམ་རིས་པདྨོ་ལྷོད་ཀྱིས་བཞད་དེ།།
སྙི་བའི་སེམས་ལ་དགའ་བ་འཕེལ་ཡོང་།།
ཚེ་རབས་སྔོན་མ་ཁ་ཆད་བྲིས་ནས།།
དུས་རབས་གཅིག་ཏུ་དུས་ཆད་བཏམས་སམ།།
འཁོར་བའི་གླིང་ཕྲན་ཆུང་ཆུང་ཞིག་ནས།།
ཕྲན་ཆུང་འུ་གཉིས་འདུ་འཛོམས་བྱུང་སོང་།།
ཁྱེད་ཞལ་འཇའ་ཡི་གུར་གུམ་དམར་པོ།།
སྙན་ཚིག་ནང་གི་སྙིང་ལ་བསྲེས་ཏེ།།
ཕྱི་ནང་གསང་བའི་མེ་ལོང་ངོགས་སུ།།
ཡང་ཡང་བྲིས་ན་ཡང་ཡང་དྲན་ཡོང་།།
སྤྲིན་དཀར་ལྷ་མོའི་དར་འཕྲུ་འོག་ནས།།
དྲན་པའི་གཤོག་པ་རིང་དུ་བརྐྱངས་ཏེ།།
ལས་ཀྱི་ཨ་ཡིག་བརྐོས་པའི་མི་ལ།།
ལོ་ཟླར་བསགས་པའི་འཕྲིན་ཞིག་གཏང་འདོད།།
རྨི་ལམ་ནང་གི་བརྡ་ལུང་སྙན་མོ།།
བདེ་ཆེན་དགའ་མའི་གླུ་དང་འདྲ་བ།།
མགྲིན་པའི་སྒོ་མོ་རྡུང་བ་མེད་ཀྱང་།།
མིང་ཚིག་ཁ་རླངས་ནང་དུ་འདྲེས་སོང་།།
གཟུགས་གསར་སྨན་གྱི་འཁྲི་ཤིང་སོ་མ།།
མིག་ཟུང་དགའ་བའི་དཔལ་དུ་བཞད་དུས།།
དུང་སེམས་སྙིང་གི་རྫིང་བུའི་ནང་དུ།།
སྐྱེ་བ་སྔོན་མའི་བག་ཆགས་འཚུབ་སོང་།།
ཚོར་བའི་ནགས་ཀློང་འགྲིམ་པའི་བུ་མོས།།
ཚིག་གི་སྒྱུ་འཕྲུལ་སྤུངས་པའི་ནམ་ཟླ།།
ཁྱོད་ལ་བསྔོས་པའི་འཚོ་བ་མིན་ཡང་།།
ནང་སེམས་མཚོན་པའི་མཚོན་རྟགས་བྱས་ཡོད།།
ཕྱི་ཐག་ཡིད་ཀྱི་ནམ་མཁའ་བརྟན་ན།།
བར་ཐག་རི་ཆུས་བཅད་ཀྱང་མི་སྐྱོན།།
དྲན་གདུང་སྙིམ་གང་རུམ་དུ་ཁྱེར་ནས།།
ནམ་ཞིག་མཇལ་བའི་ལས་སྐལ་རྙེད་ཡོང་།།
༼ མཱ་ལིན་ནཱ། ༽