国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱངས་ཅན་མ།

སྣང་བའི་མེ་ཏོག་བཞད་པའི།།

ལ་ཁའི་སྤང་ཐང་དེ་ནས།།

ཁྱེད་ཞལ་འཛུམ་གྱི་ཟླ་བ།།

བདག་གི་མིག་ལ་ཐོགས་ཡོད།།

ན་ཚོད་གཞོན་ནུའི་ཚུལ་བྱོན།།

ཞི་བའི་སྒེག་ཉམས་ལྡན་པ།།

མྱོས་བུམ་འབུར་དུ་དོད་པ།།

ལང་ཚོའི་ཕྲ་རྒྱན་བཏགས་ཡོད།།

ལན་རེ་མཐོང་ཙམ་མིན་པར།།

རིང་ནས་མཇལ་སྐལ་བྱུང་ན།།

ད་ཡོད་མི་ཚེའི་ནང་ལ།།

དེ་བས་གང་ལ་མི་ཆགས།།

རྒྱལ་ཡུམ་ངག་གི་ལྷ་མོ།།

དྲུག་འགྱུར་པི་ཝང་ཅན་མ།།

མཚོ་འཁྲུངས་ལྷ་ཡི་མི་མོ།།

འདང་གི་དཀྱིལ་དུ་འབབ་རོགས།།

སྐུ་ལུས་མིག་ལ་མཛའ་བ།།

ཕྱག་སོར་ངག་ལ་སྙན་པ།།

སྲིད་པ་འཁོར་བའི་པང་ནས།།

ང་ཡི་ནོར་བུ་ཡིན་སོང་།།

རི་བྲག་ཕུག་པའི་གསེབ་ནས།།

ལོ་ནས་ལོ་རུ་བསྐྱལ་ཏེ།།

ཁྱེད་རང་སྒོམ་ཐག་བཅད་ན།།

ཁོ་བོའི་གྲོགས་སུ་བཞུགས་སམ།།

དམར་སེར་ན་བཟའ་གྱོན་ཏེ།།

ལག་ཏུ་མེ་ཏོག་བཏུས་ཏེ།།

ཁྱེད་ལ་དབུལ་དུ་ཕྱིན་ན།།

མཇལ་བའི་སྐུ་བསོད་ཡོད་དམ།།

འཚོ་བའི་རི་ཐང་དེ་ནས།།

ཕ་ཀི་གཙང་འགྲམ་ཞིག་ནས།།

ཟླ་བའི་ཟེར་ལ་བལྟས་ཏེ།།

སྙན་པའི་གླུ་དབྱངས་འཐེན་མྱོང་།།

ལན་རེ་ངུ་སྙིང་འདོད་མོད།།

ལན་རེ་དགོད་སྙིང་འདོད་ཀྱང་།།

མི་ཚེ་སྐྱིད་ལ་སྡུག་འདིར།།

ཁྱེད་རང་མགོན་དུ་བཞུགས་ཤོག།

༼ ཁམས་ཟླ་སྲས། ༽