ཨ་སྔོན་ཞུན་མ་ཐང་ལ་ལྷུང་བར་འདྲ་བའི་བྱང་གི་གནམ་མཚོ་ནི་བོད་ལ་ཡོངས་སུ་གྲགས་པའི་མཚོ་ཆེན་བཞིའི་གྲས་ཤིག་ཡིན་ལ།ལྷ་ས་གྲོང་ཁྱེར་ནས་ཐག་མི་རིང་བའི་འདམ་གཞུང་རྫོང་གི་ནུབ་བྱང་ཕྱོགས་སུ་གནས་ཤིང་། མིང་གཞན་ལ་གནམ་མཚོ་ཕྱུག་མོའང་ཟེར།འདི་ནི་བསྐལ་པའི་དུས་རིམ་གསུམ་པའི་ནང་ཧི་མ་ལ་ཡའི་རི་བོ་འགུལ་སྐྱོད་ལས་གསར་དུ་བྱུང་བ་ཞིག་ཡིན་པ་དང་།མཚོ་འཕགས་སྨི་བཞི་སྟོང་བདུན་བརྒྱ་བཅོ་བརྒྱད་ལ་ཟིན་པ་དང་། མཚོ་དབྱིབས་ནི་ནར་མོའི་ཚུལ་དུ་ཡོད། ཤར་ནུབ་ཀྱི་དཀྱུས་སུ་སྤྱི་ལེ་བདུན་ཅུ་དང་། ལྷོ་བྱང་གི་ཞེང་དུ་སྤྱི་ལེ་སུམ་ཅུ་ཡོད། མཚོ་ཧྲིལ་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཟིན་གཤིས་དེ་ནི་རང་རྒྱལ་དུ་མཚོ་སྔོན་པོ་ཕུད་ཚྭ་ལྡན་མཚོ་ཆེ་ཤོས་དེ་ཡིན་པ་དང་།རྟ་བཞོན་ནས་དལ་འགྲོས་ཀྱིས་མཚོ་ལ་སྐོར་བ་ཕྱིན་ན་ཉིན་བཅུ་གཅིག་ལ་འཁོར་ཟེར་སྲོལ་ཡོད།
གནམ་མཚོ་ཕྱུག་མོའི་དཀྱིལ་དུ་གླིང་ཕྲན་ཁག་གསུམ་ཡོད་ལ་ད་དུང་རྡོ་ཐལ་བྲག་ལས་གྲུབ་པའི་གླིང་ཕྲན་འདྲ་བ་ཞིག་ཀྱང་ཡོད་པ་དེའི་ཐོག་རྡོ་ཡི་ཀ་བ་དང་།ལྷུན་གྱིས་གྲུབ་པའི་རྡོ་ཟམ། བྲག་ཕུག་ལ་སོགས་ས་དབྱིབས་ཀྱི་ཆགས་ཚུལ་ངོ་མཚར་ཆེ་ཞིང་རང་བྱུང་གི་མཛེས་ཆོས་དུ་མ་དང་ལྡན།
གནའ་རབས་སུ་མཚོ་དེ་ཉིད་ཤིན་ཏུ་ཆེ་བ་ཞིག་ཡིན་རུང་ད་ཕན་མི་ལོ་མང་པོའི་རིང་བོད་ལྗོངས་ས་མཐོའི་གནམ་གཤིས་སྐམ་ཤས་ཇེ་ཆེར་སོང་སྟབས་མཚོ་འདི་ཆག་ཤུགས་ཆེན་པོ་བྱུང་ཡོད་པ་སྟེ། དེང་སྐབས་མཐོང་རྒྱུ་ཡོད་པའི་གནའ་བོའི་ཆུ་རིས་ཁག་གསུམ་ཡོད་པ་ལས་ཆུ་རིས་མཐོ་ཤོས་དེ་ད་ལྟའི་མཚོ་ངོས་ལས་སྤྱི་ཁྲེ་བརྒྱད་ཅུས་མཐོ་བ་ཡོད། མཚོ་དབུས་ཀྱི་གླིང་ཕྲན་ཐོག་ལོ་ལྟར་དཔྱིད་མཇུག་དང་དབྱར་སྟོད་གཉིས་ལ་ས་ཕྱོགས་གཞན་ནས་འཕུར་འོང་བའི་ངང་པ་དང་། ཆུ་སྐྱར། ཁྲུང་ཁྲུང་སོགས་བྱ་རིགས་ཀྱིས་གླིང་ཕྲན་ཁེབས་པས་སྒོ་ང་ཡང་གང་འདོད་ལྟར་བསྒྲུག་རྒྱུ་ཡོད།
ཡངས་ཤིང་རྒྱ་ཆེ་བའི་མཚོ་འགྲམ་གྱི་སྤང་ལྗོངས་ཐོག་སྤྲ་བ་དང་སྲོ་དྲེག་སོགས་རྩྭ་སྣ་མང་པོ་སྐྱེས་ཤིང་།དེ་རྒྱུད་ཀྱི་ས་ཆ་རྣམས་རྩྭ་ཆུ་འཛོམས་པའི་འབྲོག་ཐང་ཡིད་དུ་འོང་བ་ཞིག་ཡིན་པས་ལོ་ཧྲིལ་པོར་སེམས་ཅན་རྩྭ་ཁར་རྒྱག་ཆོག།གནམ་མཚོ་ཕྱུག་མོའི་རྒྱུད་དུ་འབྲོང་དང་། དགོ་བ། གནའ་བ། ཤྭ་བ། རི་བོང་ལ་སོགས་པའི་རི་དྭགས་རྣམས་བག་ཕེབས་པར་གནས།
ལོ་རྒྱུས་ཐོག་གནམ་མཚོ་དང་ཡར་འབྲོག་གཡུ་མཚོ།མ་ཕམ་གཡུ་མཚོ།མཚོ་ཆེན་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོ་བཅས་ལ་བོད་ཀྱི་མཚོ་ཆེན་བཞི་ཞེས་ཡོངས་སུ་གྲགས།གནམ་མཚོ་རུ་ཉ་རིགས་རྩེན་ཅིང་སྟེང་དུ་བྱ་ཁྱུ་ལྡིང་བ།མཐའ་རུ་སྤང་གཞོངས་སྔོན་མོས་མཛེས་པ་སོགས་བོད་ཁམས་ཀྱི་མཛེས་ལྗོངས་ལས་དྭངས་རྩེར་འཕགས་པ་ཞིག་ཡིན་ནོ།།