ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚོང་དོན་པུའི་ཚོང་དོན་གྱི་གྲངས་གཞི་ཆེ་མོའི་ལྟ་ཞིབ་བྱས་འབྲས་ལ་གཞིགས་ན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་གཙོ་གནད་སིལ་ཚོང་དང་བཟའ་བཏུང་ཁེ་ལས་ཀྱི་ཕྱིར་ཚོང་དངུལ་འབོར་གྱི་བསྡུར་གཞི་ཡོད་པའི་ཁ་ཚད་ལྟར་ན་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ2.7འཕར་བ་དང་། ཟླ་བ་བཅུ་པའི་ཚེས་གཅིག་ནས་བདུན་བར། ཚོང་དོན་པུས་གཙོ་གནད་ཐོག་ལྟ་ཞིབ་བྱས་པའི་རྐང་ཐང་ཁྲོམ་གཞུང(ཚོང་ལས་འཁོར་རྒྱ)78ཀྱི་མི་སྣ་འགྲོ་འོང་བྱེད་ཚད་དང་ལས་གཉེར་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ8.8དང6.0ཁག་སོ་སོར་འཕར་ཡོད།
ལྗང་མདོག་དང་། རིག་ནུས། རྒྱལ་སྲོལ་བཅས་ཀྱི་འཛད་སྤྱོད་མངོན་གསལ་དོད་དུ་ཕྱིན་ཞིང་། ཚོང་དོན་པུས་ལྟ་ཞིབ་བྱས་པའི་དྲྭ་ཚོང་ལས་སྟེགས་གཙོ་བོའི་གྲངས་གཞི་ལས་མངོན་གསལ། དུས་ཆེན་རིང་ལྗང་མདོག་སྐྱེ་ལྡན་བཟའ་བཅའི་བྲིན་ཚོང་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ27.9འཕར་བ་དང་། རིག་ནུས་ཁྱིམ་ཆས་ཐོན་རྫས་བྲིན་ཚོང་བྱེད་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ14.3འཕར་བ། རྒྱལ་སྲོལ་གྱོན་ཆས་བྲིན་ཚོང་བྱེད་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ14.1འཕར་ཡོད། ཚོང་ཁང་ཁག་གིས་ཞག་ཚིལ་ཉུང་བ་དང་མངར་ཆ་ཉུང་བའི་ཟླ་མཆོད་བག་ལེབ་བཏོན་པར་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
ཞབས་ཞུའི་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་ཞིང་། ཕུལ་བྱུང་རྒྱལ་ཐོན་གློག་བརྙན་ཁག་གཅིག་ལས་གློག་བརྙན་ལྟ་བའི་ཚ་རླབས་འཕྱུར་ཡོད། སྤྱི་ཟླ10ཚེས8ཉིན་གྱི་ཆུ་ཚོད15ཡི་ཐོག་རྒྱལ་སྟོན་རིང་གི་གློག་བརྙན་སྤ་སེ་བཙོང་པའི་ཡོང་འབབ་སྒོར་དུང་ཕྱུར17.9ལྷག་ཙམ་ཟིན་ཡོད། ལུས་རྩལ་འགྲན་བསྡུར་མང་པོར་ལྟ་བའི་ཚ་རླབས་འཕྱུར་ནས་ས་གནས་ཁག་ཏུ་ཞིམ་ཟས་དང་། རིག་གནས་བསམ་བཀོད། ཁྱད་ལྡན་ཚོང་ཟོག་བཅས་གཞི་གཅིག་ཏུ་འདུས་པའི་འགྲན་བསྡུར་བྱ་ཡུལ་གཉིས་པ་བཙུགས་པས་འགྲན་བསྡུར་གྱི་ཚ་རླབས་འཛད་སྤྱོད་ཐོག་སྣུར་སྲིང་ཐུབ་རྒྱུ་རེད།།
( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)