ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10ཚེས2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཐེན་ཅིན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ། ཐེན་ཅིན་སློབ་ཆེན་བཙུགས་ནས་ལོ་ངོ130འཁོར་བའི་མཚམས་སུ་དགེ་སློབ་ལས་བཟོ་ཡོངས་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་ཚོར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། འགོ་འཛུགས་ས་གསར་པར་ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་པ་དང་། སློབ་ཁྲིད་དང་ཚན་ཞིབ་སྒྱུར་བཅོས་ཟབ་ཏུ་གཏོང་བ། རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་འགག་སྒྲོལ་ལ་ཤུགས་རྒྱག་པ། ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་བ་བཅས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འབུལ་བའི་རེ་བ་ཡོད།
ཐེན་ཅིན་སློབ་ཆེན་གྱི་དེ་སྔའི་མིང་ལ་པེ་དབྱང་སློབ་ཆེན་ཟེར་ཞིང་། 1895ལོར་བཙུགས་པ་དང་། དེ་ནི་རང་རྒྱལ་གྱི་དེང་རབས་སློབ་ཆེན་དང་པོ་དེ་ཡིན་ཞིང་། 1951ལོར་ཐེན་ཅིན་སློབ་ཆེན་ཞེས་མིང་བཏགས་པ་རེད། ཉེ་ཆར། ཐེན་ཅིན་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ་སློབ་གྲྭ་བཙུགས་ནས་ལོ130སོང་རིང་གི་སློབ་གཉེར་ལོ་རྒྱུས་དང་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་གྲུབ་འབྲས་སྙན་སེང་ཞུས་ཏེ། བློ་བརྟན་འགྱུར་མེད་ངང་ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་དང་ཚན་རྩལ་རང་ཚུགས་རང་དར་གྱི་ལམ་བུར་བསྐྱོད་དེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།།
(བོད་ལྗོངས་ཉིན་རེའི་ཚགས་པར་ནས་དྲངས།)