国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ཉག་རོང་དང་ལི་ཐང་།འདབ་པ་རྫོང་སོགས་སུ་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རྟོག་ཞིབ་གནང་སྐབས།

ཉེན་མེད་ཀྱི་མཐིལ་ཚད་བརྟན་སྲུང་དང་ཞབས་ཞུའི་འགན་ལེན་ལེགས་སུ་བཏང་སྟེ་ཤུགས་ཡོད་རྒུས་བདེ་འཇགས་གོ་རིམ་ལྡན་པའི་ཡུལ་སྐོར་ཁོར་ཡུག་དང་སྤྲོ་སྣང་ཞི་མཐུན་ཅན་གྱི་དུས་ཆེན་གྱི་རྣམ་པ་སྐྲུན་དགོས་ཞེས་གསུངས།

སྤྱི་ཟླ10ཚེས3ནས6ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཉག་རོང་དང་ལི་ཐང་།འདབ་པ་སོགས་སུ་ཕེབས་ནས་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་ཞབས་ཞུ་དང་འགྲིམ་འགྲུལ་བདེ་འཇགས། ཉེན་མེད་ཐོན་སྐྱེད། ལས་རེས་ལས་སྲུང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། ལས་གནས་དང་པོར་ཡོད་པའི་ལས་བྱེད་ལས་བཟོ་པར་འཚམས་འདྲི་དང་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཉེན་མེད་ཀྱི་མཐིལ་ཚད་བརྟན་སྲུང་དང་ཞབས་ཞུའི་འགན་ལེན་ལེགས་སུ་གཏོང་བ། རྣམ་པ་བཟང་པོ་མངོན་པ་བཅས་བྱས་ཏེ་བདེ་འཇགས་གོ་རིམ་ལྡན་པའི་ཡུལ་སྐོར་ཁོར་ཡུག་དང་སྤྲོ་སྣང་ཞི་མཐུན་ཅན་གྱི་དུས་ཆེན་གྱི་རྣམ་པ་སྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས་སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་བསྐྱོད་དེ་ཆེས་མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་ལ་རོལ་མྱོང་བྱེད་པའི་ཚ་རླབས་མུ་མཐུད་མཐོ་རུ་ཕྱིན་པ་དང་རང་ཁུལ་གྱི་ལྗོངས་ཁུལ་མང་པོར་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མཐོ་རུ་ཕྱིན་པ་དང་།ས་གནས་ཁག་གི་སྣེ་ལེན་ཞབས་ཞུའི་འགན་ལེན་ནུས་པའི་ཐད་ཧྲེན་དབྱང་གིས་ཐུགས་ཁུར་ཆེན་པོ་གནང་བ་རེད། ས་གནས་རེར་སླེབས་དུས་ཧྲེན་དབྱང་གིས་ལྗོངས་ཁུལ་གྱི་གཉེར་སྐྱོང་དང་ཡུལ་སྐོར་བ་སྣེ་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ཞིང་། ཉག་རོང་དང་ལི་ཐང་།འདབ་པ་རྫོང་བཅས་ཀྱིས་བྱེད་ཐབས་སྣ་མང་གིས་དུས་ཆེན་གྱི་རྣམ་པ་ལེགས་བསྒྱུར་དང་ཡུལ་སྐོར་བར་ཞབས་ཞུ་ལེགས་པོ་སྒྲུབ་པའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད།( པར་ངོས་གཉིས་པར་གཟིགས)