སྤྱི་ཟླ10པའི་ཚེས6ཉིན་གྱི་ཆུ་ཚོད15ནས་ཚེས7ཉིན་གྱི་ཆུ་ཚོད15བར་ཁུལ་ཡོངས་སུ་ཡུལ་སྐོར་བ་ཁྲི34.22ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར3.76བྱུང་ཞིང་། ན་ནིང་ལོ་ལས་བརྒྱ་ཆ16.10དང་བརྒྱ་ཆ16.07སོ་སོར་འཕར་བས་རིག་གནས་ཡུལ་སྐོར་གྱི་ཁྲོམ་རར་གསོན་ཤུགས་བསྩལ། འདབ་པ་ཉི་སྟེན་དང་མི་རྒོད་མཚོ། གསེག་རི་གླིང་ག་སོགས་ལྗོངས་ཁུལ་གཙོ་གནད་དུ་ཡུལ་སྐོར་བ་དང་ཡོང་འབབ་མངོན་གསལ་དོད་པོས་འཕར་བ་རེད། དེས་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་མཚོན་པ་རེད།
ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས“ང་ཚོའི་ཟླ་མཆོད་དུས་ཆེན”ཞེས་པ་གཙོ་དོན་བྱས་ཏེ་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་འཚོ་བ་དང་མང་ཚོགས་ལ་ཐག་ཉེ་བའི་ཤེས་རིག་ལག་ལེན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྤྲོ་སྣང་དང་ཞི་མཐུན་དུས་ཆེན་གྱི་རྣམ་པ་བསྐྲུན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀུན་ལ་ཤེས་དཔལ་ཁྱབ་ཏུ་བཅུག་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་བསམ་པའི་ཤེས་དཔལ་དང་རིག་གནས་ཀྱི་དྲོད་ཚད་མངོན་པ་རེད། ཟླ་མཆོད་དུས་ཆེན་རིང་རང་ཁུལ་གྱི་རྟའུ་རྫོང་དང་དར་མདོ་གྲོང་ཁྱེར། ཉག་ཆུ་རྫོང་། ལྕགས་ཟམ་རྫོང་། གསེར་རྟ་རྫོང་སོགས་ས་གནས་སོ་སོས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་དང་། སྲོལ་རྒྱུན་རིག་རྩལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།།
( ཡེ་ཤེས་ཀྱིས་བསྒྱུར།)