国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔལ་ཡུལ་རྫོང་གཙང་མདོ་ཡུལ་ཤོག་གིས་ལུག་མིག་མེ་ཏོག་ཐོན་ལས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་ཐབས་ལམ་འཚོལ།

ལུག་མིག་མེ་ཏོག་རྟེན་གཞིར་གླ་རྒྱག་པའི་ཡུལ་མི།

ད་སྔར་ནི་དཔལ་ཡུལ་རྫོང་གཙང་མདོ་ཡུལ་ཤོག་ཡུལ་གསུམ་གྲོང་སྡེའི་ཡུལ་མི་ཚོས་གསེར་མདོག་ལྡན་པའི་ལུག་མིག་མེ་ཏོག་གི་ཞིང་ཁ་ནས་མེ་ཏོག་འཐུ་འཐོག་གི་ལས་ཀར་བྲེལ་བའི་དུས་ཚིགས་ཡིན་ལ། མེ་ཏོག་གི་མྱུ་གུ་སོ་མ་སྡོང་རྐང10རེ་ཁུག་མ་གང་རེ་བྱས་ནས་ཐུམ་རྒྱག་བཞིན་ཡོད། རྟེན་གཞིའི་ནང་མེ་ཏོག་འཐུ་འཐོག་བྱེད་པ་དང་། དབྱེ་འབྱེད་བྱེད་པ། རླངས་འཁོར་ནང་འཇུག་པ་སོགས་ཀྱི་བརྒྱུད་རིམ་ཁག་གོ་རིམ་ལྡན་པར་མ་ཟད། ཞོགས་པའི་ཟིལ་བ་ཡང་སྐམ་མེད་པའི་ལུག་མིག་མེ་ཏོག་ཁུག་མ་གང་རེ་གང་རེ་བྱས་ཏེ་རླངས་འཁོར་ནང་བླུགས་ནས་ས་ཆ་གཞན་དུ་བསྐྱལ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། དེར་གླ་རྒྱག་མཁན་གྱི་ཡུལ་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་ལས་ལ་བྲེལ་འཚུབ་ཆེ་བའི་སྐབས་སུ་ཁྱིམ་དུ་ལས་ཀ་བྱེད་པ་དང་། ཁོམ་པ་བྱུང་ཚེ་ལུག་མིག་མེ་ཏོག་རྟེན་གཞིའི་ནང་གླ་རྒྱག་ས་ཡོང་ནས་ཉིན་རེར་སྒོར100ལོན་ཐུབ་པ་རེད།

ཉེ་བའི་ལོ་ཤས་རིང་། དཔལ་ཡུལ་རྫོང་གིས་ཁྱད་ལྡན་ཐོན་ལས་སྒུལ་ཤུགས་སུ་བྱས་ཏེ་གཙང་མདོ་ཡུལ་ཤོག་ཏུ་ཁེ་ལས་དང་ཞིང་དུད་ཟུང་འབྲེལ་རྣམ་པའི་དན་ཐོ་འདེབས་འཛུགས་བྱེད་སྟངས་ཁྱབ་གདལ་བཏང་། ཁེ་ལས་དང་ཞིང་དུད་དབར་ལོ་ཏོག་མ་གདབ་གོང་རིན་གོང་འགན་ལེན་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་སྟེ། “རིན་གོང་འགན་ལེན་དང་ཚོང་ལམ་འགན་སྲུང”གྱི་ལམ་སྲོལ་ཐོག་ནས་ཞིང་དུད་ཀྱི་སེམས་ཁྲལ་སེལ་བར་མ་ཟད། མཐོ་སྒང་ས་ཞིང་གི་དཔལ་འབྱོར་གྱི་གཏིང་ནུས་སྐུལ་སྤེལ་ཐུབ་པ་དང་། ཞིང་ཁ་ནས་བཟོ་ཚན་བར་གྱི་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་པོ་བསྐྲུན་ནས་ལུག་མིག་མེ་ཏོག་ཐོན་ལས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ཡུལ་གསུམ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅིས་སྒོ་རའི་དཔལ་འབྱོར་གྱི་སྣེ་ཁྲིད་དེ་ལུག་མིག་མེ་ཏོག་རྨོ་འདེབས་ཚོད་ལྟ་བྱས་ནས་མུའུ་རེ་ལ་ཐོན་ཚད་སྤྱི་རྒྱ100མངོན་འགྱུར་བྱུང་ཡོད། ད་ལོར་རྫོང་གི་སྲིད་ཇུས་འཚོ་སྐྱོང་ཞབས་སྐྱོར་ལ་བརྟེན་པ་དང་། བེད་མེད་སྐྱུར་པའི་ས་ཞིང་བསྐྱར་དུ་བེད་སྤྱད་པ། ལྗོངས་བཀོད་བསྐྲུན་པ་སོགས་ཕན་ཡོད་ཆ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་གྲོང་སྡེ་དེས་འདེབས་འཛུགས་གཞི་ཁྱོན་སྔར་བས་རྒྱ་སྐྱེད་དང་། ལུག་མིག་མེ་ཏོག་འདེབས་འཛུགས་རྒྱ་ཁྱོན་མུའུ20ལྷག་གསར་དུ་བསྣན་པ་དང་། འཁོར་རྒྱུག་ས་ཞིང་མུའུ20ལྷག་ལེགས་སྒྱུར་བྱས་པ། བསགས་རྩིས་ལྟར་ལུག་མིག་མེ་ཏོག་མུའུ40ལྷག་འདེབས་འཛུགས་བྱས་ནས་གྲོང་སྡེ་ཡོངས་ཀྱི་ཡུལ་མི་ཚོ་ཆུང4ལ་ཁྱབ་ཡོད། ཚོད་རྩིས་བྱས་པར་གཞིགས་ན། ལས་གཞི་དེས་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི8ལྷག་འཕར་ཐུབ་བྱུང་ནས། ཐད་ཀར་དུད་ཚང117ཡི་ཡུལ་མི438ལ“མེ་ཏོག་དཔལ་འབྱོར”གྱི་ཁེ་སྤོགས་བགོ་ཐུབ་པ་རེད།

དན་ཐོ་ཞིང་ལས་ཀྱིས“འདེབས་ན་བཙོང་མི་ཐུབ་པའི”དཀའ་གནད་ཐག་གཅོད་བྱས་ཐུབ། ཡུལ་གསུམ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅིས་ཁེ་ལས་ཀྱིས་དུས་བཀག་ལྟར་ཞིང་ཁར་ཡོང་ནས་ལུག་མིག་མེ་ཏོག་གི་སྤུས་ཀར་ཞིབ་བཤེར་བྱས་པ་རེད། དེ་འདྲའི་དན་ཐོ་སྔོན་ལ་བཞག་པའི་རྣམ་པས་གནམ་གཤིས་ལ་བལྟས་ནས་ཟ་མ་ཟ་བ་དང་ཁྲོམ་རར་བརྟེན་ནས་རིན་གོང་རྒྱག་པའི་སྲོལ་རྒྱུན་ཞིང་ལས་ཀྱི་རྣམ་པ་རྩ་བ་ཉིད་ནས་བསྒྱུར་ཡོད།

དོན་དངོས་ཀྱི་ལག་ལེན་ཁྲོད་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ཀྱི་སྤྱི་གཉེར་ཁང་གིས་སྔ་ཙམ་ནས་འདེབས་འཛུགས་ཀྱི་ལས་ཀ་འགུལ་བ་དང་། མྱུ་གུ་གསོ་སྤེལ་དང་ལག་རྩལ་མཛུབ་ཁྲིད་བྱས་པ། བསྡུ་ལེན་དུས་ཚིགས་སུ་ཐོན་དུས་སྤྱི་རྒྱ་རེར་ཁྲོམ་རའི་རིན་གོང་ལས་མི་དམའ་བའི་ཚད་གཞི་ལྟར་གཅིག་གྱུར་གྱིས་ཉོ་སྒྲུབ་བྱས་ཏེ་ཞིང་དུད་ཀྱི་ཁེ་བཟང་བརྟན་པོ་ཡོང་བའི་འགན་ལེན་བྱས། ཚོད་ལྟའི་འདེབས་འཛུགས་ལེགས་གྲུབ་བྱུང་རྗེས། གྲོང་སྡེའི་ས་ཞིང་འཁོར་རྒྱུག་ལམ་སྲོལ་ལེགས་སུ་བཏང་ནས་ཁ་ཐོར་སོང་བའི་ས་ཆ་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞིར་སྡེབ་སྒྲིག་བྱས་པས། འཕྲུལ་ཆས་ཅན་གྱི་དོ་དམ་བྱེད་བདེ་བར་མ་ཟད། མུ་འབྲེལ་མེ་ཏོག་གི་རྒྱ་མཚོའི་ལྗོངས་བཀོད་གྲུབ་ནས་མཐའ་འཁོར་གྱི་ཡུལ་སྐོར་བ་བཀུག་སྟེ་འཐུ་འཐོག་ཉམས་ལེན་དང་ཞིང་ལས་དང་ཡུལ་སྐོར་མཉམ་འབྲེལ་རྣམ་པའི་ཟུར་སྣོན་རིན་ཐང་ཡང་ཐོན་ཡོང་།

རྫོང་ཞིང་ལས་ཡུལ་སྐོར་མ་འཇོག་སྤྱི་གཉེར་ཁང་གི་ལས་དོན་མི་སྣས་ད་ལོར་ང་ཚོའི་སྤྱི་གཉེར་ཁང་གིས་དཔལ་ཡུལ་རྫོང་མངའ་ཁོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ8དུ་ལུག་མིག་མེ་ཏོག་མུའུ800ཡས་མས་འདེབས་ཡོད། སྤྱི་གཉེར་ཁང་གིས་ལུག་མིག་མེ་ཏོག་ཕྱིར་བསྡུ་དང་། སྐམ་པ། ཐུམ་རྒྱག་པ། ཕྱིར་ཚོང་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་རྣམ་པ་བཟོས་ཡོད། གཅིག་གྱུར་གྱི་ཚད་གཞི་ལྟར་ཞིང་དུད་ལ་དུས་ཐོག་ལག་པས་འཐུ་བར་མཛུབ་ཁྲིད་བྱེད་པ་དང་། ཆུ་ཚོད24ནང་ཕྱིར་བསྡུ་བྱས་ཏེ་ལུག་མིག་མེ་ཏོག་གི་གསར་གཤིས་ཉར་ཚགས་བྱེད་པ་དང་། ལུག་མིག་མེ་ཏོག་གི་ཁ་དོག་རྣམ་པ་དང་གྲུབ་ཆ་བརྟན་པོ་ཡོང་བར་བྱས། མཇུག་མཐར་ཟས་རིགས་རིམ་པའི་རང་ཚུགས་ཀྱི་ཐུམ་བརྒྱབ་སྟེ་བརླན་འགོག་དང་སོས་ཉར་གྱི་ཆ་འཕྲིན་བཀོད་ནས་འཛད་སྤྱོད་པར་སེམས་བདེ་བློ་བདེ་ཡོང་བ་བྱས། དྲྭ་ཐོག་དང་དྲྭ་འོག་གི་ཐབས་ལམ་བརྒྱུད་ནས་ཕྱིར་ཚོང་བྱེད་པ་སོགས་དཔལ་ཡུལ་རྫོང་གིས་ས་ཁོངས་ཀྱི་ཟོང་རྟགས་ལ་བརྟེན་ནས་མཐོ་སྒང་གི་ལུག་མིག་མེ་ཏོག་ཁྱབ་གདལ་བཏང་སྟེ་ཐོན་རྫས་ཁྲོམ་རར་ཞུགས་རྒྱུར་རམ་འདེགས་བྱེད་ཀྱིན་ཡོད་ཅེས་ངོ་སྤྲོད་བཤད་པ་རེད།

སྒོ་རའི་ཚོད་ལྟ་འདེབས་འཛུགས་བྱས་པ་ནས་གཞི་ཁྱོན་ལྡན་པའི་ལས་གཉེར་བྱས་པའི་བར། གཅིག་པོས་བདག་གཉེར་བྱས་པ་ནས་ཁེ་ལས་དང་ཞིང་ལས་གཉིས་ཁེ་ཐོན་པའི་བར། ཁྱད་ལྡན་ཐོན་ལས་དེ་དན་ཐོ་ཞིང་ལས་ཀྱི་མྱུར་འཁོར་དུ་ཞུགས་ཚེ། ལུག་མིག་མེ་ཏོག་ཆུང་ཆུང་ཡང་ཡུལ་སྡེ་དར་རྒྱས་གཏོང་བའི་རྒྱུ་ནོར་བང་མཛོད་ཀྱི་གསེར་གྱི་ལྡེ་མིག་ཏུ་གྱུར་ཏེ་ཕྱུག་འགྱུར་རྣམ་པ་གསེར་མདོག་གི་མེ་ཏོག་རྒྱ་མཚོའི་ཁྲོད་མཉམ་བཞད་བྱེད་བཅུག་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)