སྔ་དུམ།
སྤྲིན་དཀར་དུམ་བུར་ཚོན་གྱིས་བསྒྱུར་བའི། །
ནག་ནོག་ཕུང་པོས་མཁའ་ལ་ཁྱབ་དུས། །
གློག་ཞགས་སྟོང་གི་མེ་ལྕེའི་ཀློང་ནས། །
གྲགས་པའི་སྐར་ཆེན་དབྱར་རྔ་སྙན་སོང་། །
དབྱར་སྐྱེས་ལང་ཚོའི་འདབ་མ་སྨིན་དུས། །
ལ་ལུང་འུར་འུར་སྙན་པའི་གྲགས་པ། །
རྐང་དྲུག་བུང་བའི་གསུང་དབྱངས་ཐོས་དུས། །
དབྱར་གསུམ་རོལ་བའི་ཚོར་བ་སྐྱེན་སོང་། །
སྤྲིན་དཀར་བརྩེགས་པའི་བང་རིམ་ནང་ན། །
འགྱུར་ལྡོག་སྟོང་གི་བརྒྱུད་རིམ་ཡོད་པའི། །
དབྱར་གསུམ་སྐྱེལ་བའི་སྟོན་ཟླ་ཚེས་དུས། །
ཕྱག་ཟུང་རྩེ་ནས་སྙན་ངག་བགྲང་འདོད། །
སྙན་པའི་གྲེ་བ་འགག་པ་མེད་ཀྱང་། །
སྟོན་ཟླའི་ལང་ཚོ་དགྲ་རུ་ལྟ་བས། །
ལྷ་བྱ་ཁུ་བྱུག་མོན་ཡུལ་འཕུར་དུས།་།
དབྱར་གསུམ་བདག་མོ་བཞུགས་ཐབས་མ་བྱུང་། །
ནེའུ་གསིང་གཡུ་ལ་གས་ཆག་ཤོར་ཅིང་། །
སྔོ་མེར་འཁྱིལ་བའི་ལང་ཚོ་ཉམས་དུས། །
ན་ཟུག་ཡོད་པའི་རྨ་ཁ་རེ་རེའི། །
གྱེས་ཕྱག་རིང་མོས་སེམས་སུ་སྐྱོ་སོང་། །
ཁོ་ར་ཁོར་ཡུག་གཡུ་ཡིས་བཟོས་ཤིང་། །
ལ་དང་ལུང་པར་སྙན་པས་རྫོགས་པའི། །
དུས་བཞིའི་ཟུངས་བཅུད་ལྷ་ཡི་དགའ་ཚལ། །
གྱེས་བརྡ་བསྟན་དུས་འོ་ཡིས་བསྐྱལ་འདོད། །
དགའ་ལྡན་ལྷ་ཡུལ་དངོས་སུ་འཕོས་འདྲ། །
འདབ་སྟོང་ལང་ཚོའི་བདག་མོ་ཡིན་པའི། །
ཆུ་སྐྱེས་དབུ་ལོའི་ན་ཚོད་སྨིན་དུས། །
སྐད་ཅིག་མི་སྡོད་འཕྲལ་དུ་རྫོགས་སོང་། །
སྤུ་ཤ་འཇམ་པའི་སྤུ་མདོག་སྔོ་བའི། །
ལྷ་བྱ་ཁུ་བྱུག་མོན་ཡུལ་ཆས་དུས། །
སྐྱོ་སྐྱོ་ཚིག་གི་དབྱངས་གསལ་མང་པོའི། །
ཀྱེ་ཧུད་ཅེས་པའི་སྙན་ངག་འབབ་འོང་། །
ཞེ་ལ་ཐོགས་པའི་འདབ་བརྒྱའི་པདྨོར། །
སད་སེར་སྟོན་ཟླས་གཡུལ་ཆེན་འཁྲུགས་དུས། །
སྨྲེ་ངག་འཕྲེང་བ་རྩིས་ཀྱིས་མེད་པའི། །
ར་ཡིག་གཉིས་པ་སྡུག་གིས་འཆི་སོང་། །
རི་བོའི་སྤོ་ལ་དར་དཀར་དཀྲིས་པའི། །
ནོར་འཛིན་ཁྱོན་ན་གསེར་གྱིས་བསྒྱུར་ཞིང་། །
ཁ་དོག་དགུ་འགྱུར་འགྱུར་བ་ཡོད་པའི། །
སྟོན་ཟླའི་གཤིས་སུ་སྙན་ངག་འཐིམ་སོང་། །
ཕྱི་དུམ།
རི་བོའི་ཁྱོན་ན་གསེར་གྱིས་བཀླུབས་ཤིང་། །
ནམ་མཁའི་མཐོང་ཡངས་དྭངས་གཙང་ཡིན་པའི། །
བཅུད་ཀྱིས་གང་བའི་དུས་བཞིའི་ནང་ཚན། །
སྟོན་གསུམ་ཚེས་པའི་སྙན་ངག་འཐོར་འོང་། །
དབུ་རྩེ་དཀར་ཞིང་ན་སོ་ཡོལ་བའི། །
སོ་ནམ་རྒན་པོའི་རུམ་ན་ཉར་ཞིང་། །
དབྱར་གསུམ་རེ་འདུན་ཡིད་ཀྱི་སྦྲང་ཆར། །
སྟོན་ཟླའི་མཁའ་ནས་ཟིལ་མ་འབབ་སོང་། །
ཞེ་ཡི་ཟུག་རྔུ་ནད་ཀྱི་གཟིར་ཁ། །
དལ་འཇམ་རླུང་གིས་རབ་རིབ་བསལ་ཏེ། །
ན་ཟུག་སྤྲིན་པའི་ཡོལ་ཆེན་ཕྱེས་ནས། །
སེམས་ཀྱི་གཏིང་རུམ་མཁའ་ལ་འཐིམ་སོང་། །
ཕུན་ཚོགས་བྱེད་པོའི་ཚོན་གྱིས་མ་བསྒྱུར། །
གྱ་གྱུ་བློ་ཡིས་གཡོ་བཀོལ་མ་བྱས། །
བཟོ་རྩལ་མཁས་པས་ཤིང་བཟོ་མེད་ཀྱང་། །
སྣ་ཚོགས་འབྲས་བུ་བཅུད་ཀྱིས་འཁྲུངས་བྱུང་། །
རབ་འཇེབས་གསུང་གི་ནམ་མཁའི་རྔ་གསང་། །
རབ་མཛེས་འཛིན་མར་སྨིན་པའི་ལོ་ཏོག །
རབ་གསལ་མཐོང་ཡངས་གནམ་གྱི་ལང་ཚོ། །
རབ་དགའ་སྟོན་དུས་ཡིད་ཀྱི་ཞིང་ཁམས། །
དཀར་དམར་འདབ་ལྡན་སྣ་ཚོགས་བཀོད་པ། །
གཙོ་བོས་མ་བྱས་དེ་བཞིན་འཕྲུལ་གྱིས། །
བྱས་པ་མིན་ལ་ཡལ་ག་བརྒྱད་ལྡན། །
རང་བྱུང་ལང་ཚོ་ཡིད་ལ་འཐད་སོང་། །
སྟོན་དུས་འདྲེས་པའི་ཡིད་ཀྱི་དྭངས་མ། །
ཕྱག་ཟུང་བླངས་པའི་སྨྱུག་རྩེའི་སོར་ནས། །
ཚོར་བའི་རམ་འདེགས་ཡང་ཡང་སྦྲན་ཏེ། །
སྙན་པའི་ཕུན་ཚོགས་ཁྱེད་ལ་སྤྲིང་འོས་། །
༼ རང་མདངས། ༽