སྟོན་ཁ་ཚེས་སོང་། ནམ་ཟླ་འཁྱགས་ལ་ཉེ་སོང་། སྡོང་ལོ་སྐྱ་བོ་ས་རུ་ཐོར་ཏེ། མགྲོན་ཚོགས་ཀྱི་རྐང་འོག་བརྫིས་ནས་ལམ་བར་གྱི་གྱ་གྱུ་གདན་དུ་བཏིང་སོང་། བྱ་བྱེའུ་ཚོས་སྐད་ཅོར་བསྒྲགས་སོང་། ང་ནི་ཁེར་རྐྱང་གི་ངང་ནས་སྡོང་ལོར་བསྙེས་ཏེ། ལོ་ཟླ་རིང་མོར་ཕྱི་འདང་རེ་འཕངས་ཡོད། བསམ་གཞིགས་ཀློང་ནས་ཚོར་བས་མྱོས་ཏེ། གློ་བུར་དུ་ཟིན་བྲིས་དམར་པོ་འདི་འབྲི་འགོ་བརྩམས་ཡོད། འདི་ཡང་ངའི་སྟོན་ཁ་རོལ་སྟངས་གཞན་ཞིག་ཡིན།
ངའི་ཕ་ཡུལ་གྱི་གྲོང་པ་ཚོས། ཟིང་ཟིང་འུར་འུར་གྱི་ངང་ནས། གྲོ་ནས་སོགས་འཕྲུལ་གྱིས་བརྔས་ཏེ། སྟོན་ལོ་སྡུད་བཞིན། ན་ཆུང་གཞོན་ནུ་མ་ཚོའི། ཞལ་ངོ་རྔུལ་ཆུས་བརླན་ཏེ། ཉི་མའི་ཚ་གདུག་འོག་ནས་སྟོན་ལོ་བསྡུས། དེང་སང་ཕ་ཡུལ་གྱི་མི་ཚོགས་སྡོད་དབང་མེད་པར་རྔུལ་ནག་འདོན་པའི་དུས་ཤིག་ཀྱང་ཡིན། སྒོ་ཟོག་དག་གིས་ཀྱང་མགོ་རྔ་གཡུགས་ཏེ་ཤེད་ཤུགས་འདོན་བཞིན་རྭ་རྩེད་འགྲན་བཞིན། སྟོན་ཁའི་རྩྭ་ཐང་གི་སྟེང་ནས། སྐྱིད་ཉལ་འདྲ་མིན་ཞིག་ཀྱང་བརྒྱབ་སོང་།
འཁྱག་སྣང་བྱུང་ལ་དྲོ་སྣང་ཡང་སྟེར་བའི་དུས་འདིར། ངའི་ཁེར་རྐྱང་གི་ལོ་ཟླ་རིང་མོ་འདི། ཇི་ལྟར་འགྲིམ་དགོས་མི་ཤེས་པར། དཀར་དམར་གྱི་གྲོང་ཁྱེར་ཀློང་ནས་ཚོང་ཁང་དག་ཉུལ་ཏེ། བདག་མེད་ཀྱི་གྲོག་མ་བཞིན། སྲང་ལམ་བརྒྱུད་དེ་གྲོང་ཁྱེར་སྣ་ཚོགས་སུ་འཁྱམས་ནས་བསྡད་ཡོད། ངའི་ལོ་ཟླ་འདི་དག་དོན་མེད་ངང་རྫོགས་འགྲོ་བ་ཡང་སྟོན་ཁ་འདིས་ལྷག་ཏུ་ཚོར་གྱིན་ཡོད།
སྟོན་ཁ་འདིར། ཕྱོགས་ཡོངས་ནས་གོས་ལྗང་ཕུད་དེ། སྐྱ་ཐིང་ཐིང་གི་ཁ་དོག་འགྱུར་བཞིན། ཁོད་མི་སྙོམས་པའི་གྲོང་སྡེ་འདི་ནས། སྟོན་ཁ་འདི་མགྲོན་པོ་གང་ཞིག་གིས་བསུས་པ་ལྟར། ཡང་ན་སུ་ཞིག་གིས་སྐྱེལ་ཡོང་བ་ལྟར། ནམ་ཟླའི་མྱུར་འགྲོས་ཀློང་ནས། འཕྲལ་མར་སྟོན་ཁ་འདི་ཚེས་སོང་། འདི་ཡང་སྣང་བ་དྭངས་པ་ཞིག་ལྡན་ལ་ཁེར་རྐྱང་གི་སུན་སྣང་ཡང་སྣ་ཚོགས་ཤིག་སྐྱེས་སོང་། ཚོར་འདུ་འདྲ་མིན་ཅི་ཡང་བྱུང་བའི་ངའི་སེམས་ཀྱི་སྣང་བ་འདི། སྙན་ངག་གི་འཆར་ཡན་མང་པོ་ཞིག་ཀློག་པ་ལྟར། བརྗོད་མི་ཚར་བའི་སྣང་སེམས་མང་པོ་ཞིག་སྐྱེ་ཡོང་གིན་འདུག་ཨང་།
སྟོན་ཁའི་ལོ་མ་ནི། རང་དབང་མེད་ལ། སྡོད་པའི་ལས་སྐལ་ཡང་རབ་ཏུ་ཕྲ་འདུག། སྐབས་སྐབས་སུ་ས་རུ་འཐོར་བ་དང་། སྐབས་སྐབས་སུ་རླུང་བུས་ཕྱོགས་བཞིར་འདེད་སྐབས། ངའི་སེམས་སྣང་ཕྲ་མོ་འདི་ཡང་། ལག་འཛིན་མི་ཐུབ་པར། རྟ་ཕོ་སྲབ་མེད་ཐང་ལ་ཤོར་བ་ལྟར། གང་འདོད་འདོད་དང་གང་མོས་མོས་ཀྱི་ངང་ནས། ངའི་སེམས་པ་འདི་འཕྲལ་མར་འཕྲལ་མར་འཆོར་གྱིན་འདུག།
སྟོན་གྱི་འགོ་མ་ཚེས་པ་ནས། ངས་སྙན་ངག་བྲིས་ཡོད་ལ། ཟིན་བྲིས་མང་པོ་ཞིག་ཀྱང་བྲིས་ཡོད། འདི་ནི་བཙན་གྱིས་བཙིར་བ་ལྟར་མ་ཡིན་ཞིང་། ངའི་ནང་སེམས་ནས་ལྷང་ལྷང་དུ་བརྡོལ་ཡོང་བའི་ཆུ་ཕྲན་ཞིག་ལྟར། ཚོར་བས་འདེད་པའི་འཆར་ཡན་གསོན་པོ་ཞིག་ཀྱང་ཡིན། སྟོན་གྱི་ལོ་མ་སེར་པོ་རླུང་གིས་ཇི་ལྟར་ཁྱེར་ཡང་། རྗེས་མ་སླར་ཡང་སྐྱེ་ཡོང་བ་བཞིན། ངའི་སེམས་ཀྱང་སླར་ཡང་གསོན་ཏེ་སྙན་ངག་གིས་སྐྱེལ་ཆང་མང་པོ་ཞིག་སླར་ཡང་བསུ་ཡོང་།
༼ སྙན་རྐང་གླིང་། ༽