国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕ་ཡུལ་གྱི་སྟོན་ཁ་དྲན་པ།

ཕ་ཡུལ་དྲན་དུས།

ཆང་རག་དྲན་པ་ནང་བཞིན་རྔུབ་འཐུང་བྱེད་མི་འདོད་ལ།

བུད་མེད་དྲན་པ་ནང་བཞིན་འདོད་གཏམ་བཤད་མི་འདོད།

ཨ་མྱེས་འབྲོང་རྒོད་ལ་ཐག་ཞགས་འཕེན་ས།

ཨ་ཕས་མཛོ་གཡག་གི་རྡང་རིང་འཕེན་ས།

ཨ་མས་མར་ཕྱུར་གྱི་མཆོད་པ་འཕེན་ས།

ངས་རྐང་རྗེན་དུ་བེའུ་འདེད་ས།

ངས་ཐང་ཆེན་དུ་ལུག་ཁྱུ་འཚོ་ས།

ངས་འདོ་བ་ཐང་ནག་གོང་ནས་སྐྱ་རྩལ་ངོམ་ས།

ད་ནི།

སུ་ཞིག་གིས་འཁྲབ་པའི་གནའ་བོའི་ལྷ་སྒྲུང་ཞིག་གི་ལེ་ཚན་དུ་གྱུར་སོང་།

ངའི་བྱིས་དུས་ཀྱི་སྟོན་ཁ།

ད་ནི།

ང་ལ་གཏན་དུ་མི་དབང་བའི་ཁྱོད་ཀྱི་སྟོན་ཁར་གྱུར་ཟིན།

ངས་རྐང་རྗེན་དུ་འགྲོ་བར་དོགས་པའི་ཚ་བོ་ཚོ་དྲན་བྱུང་།

ངས་འབྲོང་རྒོད་དང་མཛོ་གཡག་དྲན་གྱིན་པའི་ཨ་མྱེས་ཚོ་དྲན་བྱུང་ལ།

ངས་ལུག་ཁྱུ་དང་རྟ་ཕོར་བདེ་མོ་བཞག་ཟིན་པའི།

ང་དང་ངའི་ཁ་ཡ་ན་ཟླ་ཚོ་དྲན་བྱུང་།

ད་ནི།

མིག་ཆུ་བཞུར་ནས་ཕ་ཡུལ་མི་ཐོན་ལ།

སྨྲེ་སྔགས་བཏོན་ནས་ཕ་ཡུལ་ཡང་མི་མཐོང་།

ཕ་ཡུལ་དང་ཕ་ཡུལ་གྱི་སྟོན་ཁ་ནི།

ངས་ནམ་ཡང་བརྗེད་ཐབས་མེད་པའི་མཛེས་སྡུག་གི་བརྙན་

རིས་གསོན་པོ་ཞིག།

༼ རིག་རྫི་བསམ་གཏན། ༽