国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་འགོ་གུག་བྱུང་།ཕ་མ་ཁྲིད་ནས་ ལྷ་སར་ཐེངས་གཅིག་ཕྱིན།

ད་ནི་སྟོན་འགོ་གུག་བྱུང་། ལྗང་མདོག་གི་རྩྭ་ཐང་དང་ལྗང་མདོག་གི་རི་སྒང་དུ་སེར་ཐིག་བབས། རླུང་བུ་བསིལ་མོ་ཞིག་གིས་སྟོན་ཁ་སླེབས་ཀྱིན་པའི་སྔོན་བརྡ་ཡང་ཡང་གཏོང་ཀྱིན་གདའ། རོང་འབྲོག་མང་ཚོགས་ཀྱིས་རང་རང་ས་ནས་སྟོན་བསྡུ་བའི་ལས་ལ་བྲེལ་ཞིང་མི་ཁོམ་པའི་དུས་ཚིགས་ཤིག་ལ་ཐོན་ཡོད། ང་རང་མི་ཁོམ་པའི་དུས་ཚིགས་འདིའི་བར་གསེང་ནས་ཕ་མ་གཉིས་ཁྲིད་ནས་ལྷ་སར་འགྲོ་བར་གྲ་སྒྲིག་བྱས། ཨ་མར་མཚོན་ན་ལྷ་སར་འགྲོ་ཐེངས་དང་པོ་ཡིན། ཆུང་དུས་ནས་ལོ་ན་ལྔ་བཅུར་སོན་པའི་བར་དུ་ལྷ་ས་དངོས་སུ་མིག་གིས་མཐོང་མྱོང་མེད་ལ། ཨ་མས་ནམ་རྒྱུན་ལྷ་སར་ཐེངས་གཅིག་སོང་ནས་ཇོ་བོ་ཡིད་བཞིན་ནོར་བུ་ཐེངས་གཅིག་མཇལ་ཐུབ་ན་ཟེར་ནས་སྨོན་ལམ་འདེབས་བཞིན་འདུག། ད་ཐེངས་ཨ་མ་ལྷ་ས་འགྲོ་བར་དགའ་སྣང་དང་བཅས་ཅུང་བྲེལ་གྱིན་པའི་སྣང་བ་ཞིག་ཀྱང་སྐྱེས་ཡོང་། ཨ་མས་ལམ་བར་གྱི་ལམ་གྲོ་གྲ་སྒྲིག་བྱས་ནས་ལས་ལ་བྲེལ། ངས་ཀྱང་སྤྱི་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པའི་ཐོག་གི་འཛིན་བྱང་དྲྭ་ཐོག་ནས་ཉོས་བཞག། ཚེས་བཅོ་ལྔ་ཉིན་གྱི་སྔ་མོར་ངེད་ཚོས་སྒེར་གྱི་རླངས་འཁོར་བསྐོར་ནས་ཟི་ལིང་དུ་ཆས། སྤྱིར་ན་ཨ་མ་ས་ཐག་རིང་པོར་རླངས་འཁོར་ལ་བསྡད་ནས་སོང་ན་དཀའ་བར་འགྱུར་བས། མེ་འཁོར་དུ་བསྡད་ནས་འགྲོ་སྐབས་གདོང་ནས་བཅོས་མ་མིན་པའི་འཛུམ་མདངས་ཤིག་མངོན་ཡོང་། ལམ་བར་གྱི་མཛེས་ལྗོངས་དག་ལ་བལྟས་ནས་ཕ་མ་གཉིས་ཀྱིས་ཁ་བརྡ་གློད་ཞོར་དང་དགོད་ཞོར་ཕྱི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པའི་ཐོག་ང་ཚོ་ལྷ་སར་འབྱོར། ང་ཚོ་མེ་འཁོར་འབབ་ཚུགས་ལས་མར་བབས་ནས་སྤྱི་སྤྱོད་རླངས་འཁོར༩༠༧ལ་བསྡད་ནས་ཇོ་ཁང་གི་ཉེ་འདབས་སུ་ཕྱིན་ནས་མགྲོན་ཁང་ཞིག་གླས་བསྡད། མགྲོན་ཁང་ནས་ཕྱིར་བུད་ན་ཇོ་ཁང་གི་བསྐོར་ལམ་ལ་སྦྲེལ་ཡོད་པས་བསྐོར་བ་བྱས་ན་ཅུང་སྟབས་བདེ་མོ་འདུག། ང་ཚོ་ཉི་མ་དེར་ཅུང་འཕྱིས་བའི་རྐྱེན་གྱིས་ཉིན་དེར་མཇལ་ཁ་ཞུ་ཐབས་མ་བྱུང་། ཕྱི་ཉིན་སྔ་མོའི་ཆུ་ཚོད་བརྒྱད་པའི་སྟེང་ཇོ་ཁང་གི་སྒོ་ཕྱེ་ནི་རེད་ཟེར། ང་ཚོ་ཕྱི་ཉིན་སྔ་མོའི་ཆུ་ཚོད་བརྒྱད་པའི་སྟེང་མལ་ལས་ལངས་ནས་མཆོད་མཇལ་དུ་སོང་བ་ཡིན། ཇོ་ཁང་གི་སྒོ་འགྲམ་དུ་མི་ཚོགས་ཕྲེང་བསྟར་སྒྲིག་ཡོད་ལ་མཆོད་མཇལ་བ་ཧ་ཅང་མང་བའི་རྐྱེན་གྱིས་ཆུ་ཚོད་གསུམ་ལྷག་འགོར་རྗེས་མཇལ་ཁ་ཞུ་ཐུབ་སོང་། མཇལ་ཚར་ནས་སྒོར་བུད་དུས་ཉིན་གུང་ལ་སླེབས་འདུག། དེ་ནས་ང་ཚོ་མཉམ་དུ་ཟ་ཁང་ཞིག་ཏུ་གུང་ཇ་བཏུང་རྗེས་ར་མོ་ཆེ་གཙུག་ལག་ཁང་དང་པོ་ཏ་ལ་མཇལ་བར་ཆས། ཉིན་དང་པོར་ང་ཚོ་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལ། ལྷ་སའི་ལྕགས་པོ་རི་བཅས་ལ་མཇལ། ཉིན་གཉིས་པར་དགའ་ལྡན་དགོན། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་ཕོ་བྲང་། གསང་སྔགས་གླིང་། བྲག་ཡེར་པ་བཅས་ལ་མཇལ། ཉིན་གསུམ་པར་ཡུམ་བུ་བླ་མཁར། སྟོད་ལུང་དགོན། བསམ་ཡས་གཙུག་ལག་ཁང་། གུ་རུ་རིན་པོ་ཆེ་གསུངས་འབྱོན་བཅས་ལ་མཇལ། ཉིན་བཞི་པར་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་། ཨོ་རྒྱན་སྨིན་གྲོལ་གླིང་། ཡར་རྗེ་ལྷ་ཁང་བཅས་ལ་མཇལ། ཡར་རྗེ་ལྷ་ཁང་དུ་གུ་རུ་རིན་པོ་ཆེ་གསུངས་བྱོན་འདུག། ཨ་མདོ་ཨ་ལགས་བླ་མ་འཇམ་དབྱངས་འཇིགས་མེད་མཁས་གྲུབ་རྒྱ་མཚོ་མཆོག་ལ་དངོས་སུ་གསུངས་བྱོན་པའི་གུ་རུ་བྱིན་ཅན་ཞེས་ཡི་གེ་ཡང་སྦྱར་འདུག། ད་ཐེངས་སྐལ་བ་ཡག་པོས་ཞལ་མཇལ་ཐུབ་སོང་། ཉིན་ལྔ་པར་གཞིས་ཀ་རྩེའི་ཕྱོགས་ཀྱི་དགོན་པ། ས་སྐྱ་དགོན། བཀྲ་ཤིས་ལྷུན་པོ་དགོན་བཅས་ལ་མཇལ། དེ་ལྟར་མཆོད་མཇལ་ཞུས་ནས་ཉིན་བཅུ་ལྷག་འགོར་ནས་ཕྱིར་ཕ་ཡུལ་དུ་ལོག་པར་གྲ་སྒྲིག་བྱས། ཉི་ཤུ་བདུན་ཉིན་ང་ཚོ་ཕྱིར་ཟི་ལིང་དུ་འབྱོར། ཕྱི་ཉིན་ང་ཚོ་སྐུ་འབུམ་དུ་མཆོད་མཇལ་ཞིག་བྱས་ནས་ཕྱིར་ཕ་ཡུལ་དུ་ལོག། ཕ་ཡུལ་ལ་ལོག་སྐབས་ཡང་ཨ་མ་རླངས་འཁོར་དུ་ཞེ་ཁ་མ་ལོག་བར་བདེ་འཚམ་ངང་ཕ་ཡུལ་དུ་འབྱོར། ད་ཐེངས་སྤྲོ་འཛུམ་དང་དགའ་བས་བརྟས་ནས་ཕ་མ་གཉིས་ཁྲིད་ནས་མཆོད་མཇལ་ཡག་པོ་ཞིག་བྱས་རྗེས་བདེ་ལེགས་ངང་ཕྱིར་ཕ་ཡུལ་དུ་འབྱོར་སོང་།

༼ གངས་ཐིགས། ༽