ཡལ་འདབ་གདུགས་ཀྱི་འདབ་ཅན་དཔལ་བསམ་ལྗོན་པའི་སྐྱེད་ཚལ་དུ།།
སྨིན་རྫོགས་ཁ་དོག་ལེགས་པའི་མྱོས་བྱེད་སྒེག་མོའི་བྲང་འབུར་ལྟར།།
འབྲས་བཟང་དགོས་འདོད་བ་མོས་སྐྱེ་དགུ་ཡིད་ཀྱི་འདོད་པ་འགེང་།།
སྟོན་གྱི་ནམ་ཟླའི་བུ་མོ་སྐྱེས་ལྡན་དགའ་བའི་བག་མ་ཡིན།།
སྡོང་མགོ་མཐོན་པོ་རྩེ་ནས་སྟོན་ལོའི་མེ་ཏོག་འཐོར་བ་དག།
གུར་ཀུམ་གསེར་མདངས་རྒྱས་པའི་དྲི་ཞིམ་སྨན་རྩི་མ་ཡིན་ཡང་།།
སྣང་བ་སྐྱིད་ལ་སྐུལ་བའི་དྲི་བཞོན་ལོ་མའི་ལྡང་ཕྱོགས་ལ།།
ཡང་ཡང་བལྟས་ཤིང་བལྟས་ན་སྐྱོ་བའི་སྣང་བ་རབ་ཏུ་སེལ།།
ཕྲ་གྱུར་སྐུ་ལུས་ལྡེམ་པའི་སྨན་ཆུང་བུ་མོ་མ་ཡིན་ཡང་།།
བསིལ་རླུང་ཤུར་ཤུར་ལྡང་བས་རྩི་ཤིང་མེ་ཏོག་མགོ་ལྕོག་དག།
ལྡེམ་ལྡེམ་སྒྱུ་རྩལ་གཡོ་བའི་མཛེས་སྡུག་གར་གྱི་ཉམས་འགྱུར་ངོམ།།
སྟོན་གྱི་ལོ་ཟླ་འདི་ནི་ན་གཞོན་དགའ་བའི་གར་སྟེགས་དངོས།།
མཐོན་པོ་རི་ལུང་དག་ནི་གསེར་པོ་གསེར་གྱི་ཁ་མདོག་འཛིན།།
དམའ་མོ་མཚོ་ཆེན་དག་ནི་སྔོན་མོ་གཡུ་ཡི་རང་མདངས་རྒྱས།།
མི་བརྟན་སྙིང་པོ་བྲལ་བའི་འཇའ་མདངས་ཚོན་གྱིས་མ་གོས་ན།།
འདིར་སྣང་ལང་ཚོ་མཛེས་པས་དག་པའི་ཞིང་དང་འཁྲུལ་བ་སྐྱེ།།
དབྱར་གསུམ་ཁུ་བྱུག་སྔོན་མོའི་མགྲིན་གླུ་སྙན་པོ་རྒྱང་ན་ཡང་།།
རིག་པའི་དྷི་སྐད་གསལ་བའི་འབྲུག་སྒྲའི་ང་རོས་ནམ་མཁའ་གང་།།
ས་གཞིའི་བ་སྤུ་འདར་ཏེ་སྟོན་འབྲས་བྱུ་རུ་ས་ལ་ལྷུང་།།
སོ་ནམ་ལས་ལ་ཕྱོགས་པའི་ཞིང་པ་དག་གི་དགའ་སྟོན་རྒྱས།།
དགོས་འབྱུང་ནོར་བུ་མིན་ནམ་ཅིའི་ཕྱིར་སྐྱེ་དགུ་འདོད་པ་འགེང་།།
ནོར་འཕེལ་ལྷ་མོ་མིན་ནམ་བང་མཛོད་འབྲུ་ཡིས་ཅི་ཕྱིར་གང་།།
དྲན་བསྐུལ་ཕོ་ཉ་མིན་ནམ་དལ་བའི་གཉིད་ལས་ཅིའི་ཕྱིར་དཀྲོག།
སྟོན་གྱི་ལོ་ཟླ་མ་ཡིན་འདོད་ནོར་འཕེལ་བའི་ནམ་ཟླ་ཡིན།།
དབྱར་ཟླའི་སྣང་བའི་རི་མོ་རྗེས་ཤུལ་ཐིག་ལེ་གསལ་ན་ཡང་།།
སྟོན་ཟླའི་འཛུམ་ཆུང་གསེར་པོ་ཉིན་བྱེད་འོད་མདངས་རབ་ཏུ་སྤྲོ།།
སྒྱུ་རྩལ་སེམས་ཀྱི་ཡོ་ལང་སྣང་བ་འཁྲུལ་པ་རབ་སྟོན་པའི།།
སྟོན་ཟླའི་དྲི་ཟའི་བུ་མོ་ཉམས་འགྱུར་རླུང་གི་གཤོག་པ་ཅན།།
གཡུ་ཡི་མཎྜལ་བཤམས་འདྲའི་ཁྲི་ཤོར་རྒྱལ་མོའི་མ་མ་ལས།།
སྤྲིན་དཀར་གཡོ་མ་འཛུམ་པའི་ཤེལ་ཕྲེང་མུ་ཏིག་ཆུ་བུར་རྡོལ།།
འོད་དཀར་བདུད་རྩིའི་ཟེགས་མ་འབུམ་དུ་འཕྱོ་བའི་ཆུ་ཤེལ་དག།
མཛེས་མཛེས་ལུས་ལ་རྒྱན་པའི་སྟོན་དབྱིངས་འདི་ནི་རབ་ཏུ་བརྗིད།།
༼ བོད་སྨྱུག། ༽