国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱི་ཡི་ཡུལ་ལྗོངས་མིག་ལ་མཛེས།།ནང་གི་སེམས་པར་དྲོད་ཁོལ་འཕྱུར།།

དཀར་མཛེས་ཁུལ་གྱིས་དུས་ཆེན་གཉིས་ཀྱི་རིང་ཕྱོགས་སོ་སོའི་ཡུལ་སྐོར་བར་ཞབས་ཕྱི་ཞུས།

དང་བླངས་པས་ཡུལ་སྐོར་བ་ཚོར་ཞབས་ཞུ་བྱེད་བཞིན་པ།

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་གྲགས་ཚད་མུ་མཐུད་ཇེ་རྒྱས་སུ་སོང་ཡོད། བརྗིད་ཉམས་ལྡན་པའི་གངས་རི་དང་ཚོན་མདོག་སྣ་ལྔའི་མཛེས་ལྗོངས་ཀྱིས་ཕྱོགས་བཞི་ནས་ཕེབས་པའི་ཡུལ་སྐོར་བའི་ཡིད་དབང་འཕྲོག་བཞིན་ཡོད། དེ་འདྲའི་ཁོར་ཡུག་བཟང་པོ་ནི་མི་གང་མང་མང་ཞིག་གིས་རང་ཉིད་ཀྱི་གུང་གསེང་དུས་ཚོད་རྒྱབ་ཏུ་བསྐྱུར་ཏེ་ཉིན་མཚན་དབྱེར་མེད་ངང་རྒྱང་རིང་ནས་ཕེབས་པའི་ཡུལ་སྐོར་བ་ཚོར་ཞབས་ཕྱི་ལེགས་པོ་བསྒྲུབས་པས་རེད།

ཞོགས་པའི་ཉི་འོད་གངས་རིའི་རྩེ་ནས་འཚེར་སྐབས། ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་པ་ཚོས་གཞུང་ལམ་དང་སྲང་ལམ། ལྗོངས་ཁུལ་སོགས་རང་ཉིད་ཀྱི་ལས་གནས་སོ་སོ་ནས་གཙང་སྦྲའི་ལས་ཀར་བྲེལ་ཅིང་། ཁོར་ཡུག་འཕྲོད་བསྟེན་ལས་མི་ཀྲང་སུའུ་ཧྥང་གིས་ང་ཚོའི་འོས་འགན་ནི་དར་མདོ་ལ་ཡོང་བའི་ཡུལ་སྐོར་བ་ཚོར་གཙང་ཞིང་མཛེས་སྡུག་ལྡན་པའི་བག་ཆགས་བཟང་པོ་ཞིག་འཇོག་རྒྱུ་དེ་ཡིན་ཞེས་བཤད།

ཞོགས་པ་ནས་སྤྱི་སྤྱོད་རླངས་འཁོར42མདོ་གྲོང་གི་གཞུང་ལམ་གཙོ་བོར་བྲེལ་བ་ཆེན་པོས་རྒྱུག་བཞིན་ཡོད། སྤྱི་སྤྱོད་རླངས་འཁོར་སྤྱི་གཉེར་ཁང་གི་བཀོད་གཏོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀའོ་མེང་གིས་ཉིན་བཞིན་ཞོགས་པའི་ཆུ་ཚོད6དང་ཕྱེད་ཀ་ནས་དགོང་མོའི་ཆུ་ཚོད10བར་ཆ་སྙོམས་སྐར་མ6རེར་རླངས་འཁོར་ཐེངས་རེ་གཏོང་གི་ཡོད། མདོ་གྲོང་ནས་མི་རྒོད་མཚོ་ལྗོངས་ཁུལ་བར་ཉིན་རེར་རླངས་འཁོར3སྐབས་བསྟུན་ངང་བཏང་ནས་ཡུལ་མི་དང་ཡུལ་སྐོར་བར་འགྲིམ་འགྲུལ་སྟབས་བདེ་ཡོང་བར་འགན་ལེན་བྱེད་ཀྱིན་ཡོད་ཅེས་ངོ་སྤྲོད་བྱས། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཏེང་ཧྲི་ཝུའེ་ཡིས་ཉིན་ཧྲིལ་པོར་རླངས་འཁོར་བཏང་ནས་ལུས་ཐང་ཆད་ནའང་ཡུལ་སྐོར་བ་ཚོས་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞེས་བཤད་རྗེས་སེམས་ཤིན་ཏུ་སྐྱིད་པོར་གྱུར་བ་དང་འདི་ནི་དོན་སྙིང་ལྡན་པའི་ལས་ཀ་ཞིག་ཡིན་པའི་ཚོར་སྣང་སྐྱིད་པོ་བྱུང་ཞེས་བཤད།

མཛའ་གཞས་ཐང་ཆེན་དང་ལྗོངས་ཁུལ་ཁག་གི་སྒོ་ཁར་དང་བླངས་པ་ཚོས་བརྩེ་སེམས་དྲོད་མོས་ཡུལ་སྐོར་བ་ཚོར་འགྲོ་ལམ་སྣེ་ཁྲིད་དང་མཛེས་ལྗོངས་ངོ་སྤྲོད། འཚུབ་བསྟུན་རོགས་རམ་བཅས་ཀྱི་ལས་ཀར་བྲེལ་བཞིན་པ་དང་ཆབས་ཅིག་ཏུ་དཀར་མཛེས་ཁུལ12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཚོམས་ཆེན་དུ་ལས་དོན་མི་སྣ་ཚོས་ངང་རྒྱུད་རིང་པོས་ཡུལ་སྐོར་ཚོར་ཞབས་ཕྱི་བསྒྲུབས་པ་རེད།

ཉེར་སྐྱོང་ལྟེ་གནས་ཀྱི་གཙོ་གཉེར་ཚེ་རིང་སྒྲོལ་མས་དུས་ཆེན་གཉིས་ཀྱི་རིང་དཀར་མཛེས་ཁུལ12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལས་དོན་མི་སྣ27གྱིས་ལས་གནས་བརྟན་སྲུང་བྱས་ཏེ། ལས་རེས་གསུམ་གྱི་ལས་རེས་ལམ་ལུགས་ལག་ལེན་བསྟར་ཏེ་ཐད་སྦྲེལ་ཁ་པར་ཆུ་ཚོད24ལ་གཏོང་ཐུབ་པར་འགན་ལེན་བྱས་ཡོད་ཅེས་བཤད།

ས་སྲོས་མཚམས་ལ་མདོ་གྲོང་གི་འགྲིམ་འགྲུལ་འཚང་ཁ་ཆེ་བས་འགྲིམ་འགྲུལ་ཉེན་རྟོག་པ་ཚོ་འགྲིམ་འགྲུལ་བཀོད་འདོམས་ཀྱི་ལས་ཀར་བྲེལ་བཞིན་ཡོད། ཉེན་རྟོག་པ་ཀུན་དགའ་རྒྱལ་མཚན་གྱིས་དུས་ཆེན་རིང་འགྲིམ་འགྲུལ་འགག་འཚང་ཆེ་བའི་གནད་དོན་སྔོན་འགོག་བྱ་ཆེད། ང་ཚོ་ལས་འགན་སྒྲུབ་མི་ཚང་མས་ས་ཚུགས་ཁག་དང་འགྲིམ་འགྲུལ་ལམ་མདོ་ནས་འགྲིམ་འགྲུལ་བཀོད་འདོམས་བྱས་ནས་ཚང་མར་བདེ་འཇགས་དང་སྤྲོ་སྐྱིད་ཀྱི་གུང་གསེང་ཞིག་ཡོང་བར་འགན་ལེན་བྱས་ཡོད་ཅེས་བཤད།

ICUཡི་སྲུང་སྐྱོབ་ནི་ཆུ་ཚོད24ལ་མཚམས་མི་འཇོག་པར་འཆི་བདག་དང་འགྲན་རྒྱུག་བྱེད་ཅིང་། སྨན་གཡོག་མི་སྣས་གཉིད་ཁོམ་མེད་པར་ནད་པའི་གནས་ཚུལ་ལ་ལྟ་ཞིབ་སྲུང་སྐྱོང་བྱ་དགོས། ནད་ལྕི་གསོ་རིག་ཚན་ཁང་གི་ཀྲུའུ་རེན་ལུའུ་ཁྲེང་ཁང་གིས་གུང་གསེང་རིང་ང་ཚོས་ཆུ་ཚོད24རིང་ལས་རེས་ལམ་ལུགས་ལག་ལེན་བསྟར་ནས་འཚུབ་བསྟུན་མྱུར་སྐྱོབ་བྱེད་པར་མི་སྣ་འདང་ངེས་ཤིག་གྲ་སྒྲིག་བྱས་ནས་རང་གི་ལས་ཀ་ཅི་འཇོན་གང་ནུས་ཀྱིས་བསྒྲུབས་པ་ཡིན་ཞེས་བཤད།

ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པ་ནས་སྤྱི་སྤྱོད་རླངས་འཁོར་ཁ་ལོ་བ། དང་བླངས་པ་ནས་ཁ་པར་ཞབས་འདེགས་པ། འགྲིམ་འགྲུལ་ཉེན་རྟོག་པ་ནས་སྨན་དོན་མི་སྣ་སོགས་སུ་དང་གང་ཡིན་རུང་སྤྱིར་བཏང་གི་ལས་གནས་ཐོག་བརྟན་སྲུང་བྱས་པ་དེས་དཀར་མཛེས་ཁུལ་གྱི་དུས་ཆེན་གཉིས་ཀྱི་གུང་གསེང་རིང་རྒྱང་རིང་ནས་ཕེབས་པའི་མགྲོན་པོ་ཚོར་ཆེས་ལྷག་བསམ་རྣམ་དག་གིས་དགའ་བསུ་བྱེད་པ་མཚོན་ཐུབ། དེ་བཞིན་ཕྱོགས་སོ་སོ་དང་ལས་གནས་སོ་སོར་ཡོད་པའི་དཀར་མཛེས་ཁུལ་གྱི་བུ་དང་བུ་མོ་གང་མང་ཞིག་གིས་དུས་རབས་གསར་པའི་བྱས་རྗེས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་འབད་འབུངས་བྱེད་བཞིན་ཡོད་པ་རེད།།( སྐལ་བཟང་རྒྱ་མཚོས་བསྒྱུར།)