རྟ་ནོར་ལུག་གསུམ་འཚོ་སའི་མུ་མེད་བྱང་ཐང་ན།།
མེ་ཏོག་ཁྲ་ཆིལ་བཞད་པའི་ལྷིང་འཇགས་རྩྭ་ཐང་ན།།
ཆུ་མིག་དགུ་སྒྲིལ་ཁྱེར་བའི་འབྲོག་པའི་ཕོ་རྒོད་ཡོད།།
ཐུལ་དཀར་འབྲི་མོ་འཇོ་བའི་འབྲོག་མོ་རྣལ་མ་ཡོད།།
གཞོན་ཆུང་སྣང་བ་རི་ལ་ཤོར་འདྲའི་ཕོ་མོ་འགས།།
ཕན་ཚུན་དགའ་རབས་དུང་རབས་ཐད་ཀར་མ་ལབ་པར།།
འབྲོག་ཐང་མཛའ་གླུ་སྙན་མོའི་འགྱུར་ཁུགས་དྲུག་འགྱུར་ལྷན།།
བརྩེ་བའི་ཟུར་མིག་འཕེན་ཞོར་ལན་འགའ་བླངས་ཐལ་ལོ།།
མཐིང་མདོག་ཨ་སྔོན་གཡུ་འབྲུག་སྔོན་མོའི་ཕ་ས་རེད།།
ཆུ་སྟོད་ཟླ་བ་སྨན་ཆུང་བུ་མོའི་ཞལ་རས་འདྲ།།
སྐར་ཚོགས་ཁྲ་མོའི་དབུས་སུ་བུ་ང་ཡོད་སོང་ན།།
ཐེ་ཚོམ་གང་ཡང་མེད་པར་ཟླ་བར་འོ་ཞིག་བྱེད།།
ལྷ་ལམ་ཡངས་པོ་ཁྲི་གདུགས་ཉི་མའི་གནས་མལ་རེད།།
བུ་མོ་ང་ནི་སྦྲ་ནག་འདབས་ནས་འཚར་ལོངས་བྱུང་།།
ཁ་ངོ་དུང་ཟླ་ནང་བཞིན་མེད་པ་མངོན་སུམ་རེད།།
ཐུགས་བསམ་སྐྱིད་པོ་བཞེས་འདུག་ཨ་ཇོ་ཚེ་རིང་ལོ།།
ཁུ་བྱུག་སྔོན་མོ་དཔྱིད་རླུང་འཇམ་པོའི་སྤུན་ཟླ་རེད།།
དྲོད་འཇམ་རླུང་བུ་དལ་བ་དལ་བུར་ལྡང་ཐེངས་རེར།།
ཡུལ་ལུང་ཀུན་ལ་ཁྱབ་པའི་ལྷ་བསང་དྲི་མ་དག།
ཨ་ཅེ་འབྲོག་མོའི་ལུས་ཀྱི་དྲི་བསུང་མིན་ནམ་སྙམ།།
དཔྱིད་རླུང་འཇམ་པོ་ནམ་ཟླ་གྱུར་ནས་བྱུང་བ་རེད།།
བུ་མོ་ང་ནི་ནོར་གནག་ལྷན་དུ་འཚོ་བཞིན་ཡོད།།
ལུས་ལ་ལྕི་བའི་དྲི་མ་མ་གཏོགས་མི་འདུག་པའི།།
ཐུགས་བསམ་འདི་འདྲ་མ་བཞེས་ཨ་ཇོ་ཚེ་རིང་ལོ།།
དགུང་སྔོན་མཐོན་པོ་ཁྲུང་ཁྲུང་དཀར་མོའི་འཕུར་ལམ་རེད།།
ཁྲུང་ཁྲུང་དཀར་མོས་མཛེས་པའི་གཤོག་ཟུང་ངོམ་ཐེངས་རེར།།
བདེ་མྱུར་གར་གྱིས་སྟངས་སྟབས་ངོམ་པའི་སྨན་ཤར་ཁྱེད།།
ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་གཡར་བ་མིན་ནམ་སྙམ།།
ཁྲུང་ཁྲུང་དཀར་མོ་ནམ་མཁར་གཤོག་འགྱུར་ལོས་ངོམ་སྟེ།།
ནམ་མཁའ་མེད་ན་འཕུར་སའི་བཤུལ་ལམ་ཡོད་མ་ཡིན།།
ཨ་ཇོ་ཁྱེད་རང་ཁྲུང་ཁྲུང་འཕུར་སར་བལྟས་བལྟས་ནས།།
སྤྱན་གྱི་ཤེས་པ་འཁྲུལ་ནས་བཟི་བ་མ་རེད་དམ།།
ཉ་ཆུང་གསེར་མིག་ཆུ་མོའི་གཞུང་ལ་ཕྱིན་ཕྱིན་ནས།།
ཉ་ཆུང་ཆུ་མོར་བརྩེ་བ་སླེབས་ནས་བྲལ་མི་འདོད།།
སྨིན་ལེགས་འུ་གཉིས་བརྩེ་བ་དེ་ལྟར་བསླེབ་སོང་ན།།
ང་ནི་དགའ་སྤྲོས་གཏམས་ནས་གཉིད་ཀྱང་ཁུག་པར་དཀའ།།
ཉ་ཆུང་གསེར་མིག་ཆུ་མོར་བརྩེ་བ་ལོས་ཡོད་དེ།།
ཆུ་མོ་མེད་ན་ཉ་ཆུང་འཁོར་ས་ཡོད་མ་ཡིན།།
ཨ་ཇོ་འུ་གཉིས་བརྩེ་བའི་དར་དཀར་མ་འཐེན་གོང་།།
ཐུགས་བསམ་འདི་འདྲ་བཞེས་ན་ངོ་ཡང་མི་ཚ་འམ།།
འདོ་རིགས་རྟ་ཕོས་བང་གིས་རི་ལུང་མང་པོ་བརྒལ།།
ང་ནི་རྟ་ཕོར་སེམས་པ་ཤོར་ནས་ཡུན་རིང་ལུས།།
རྟ་ཕོ་ལྟ་བུའི་བང་ཞིག་ང་ལ་ཡོད་སོང་ན།།
མཛངས་མ་ཁྱེད་ཀྱི་འཁྲིས་སུ་སྔར་ནས་བསླེབས་ནས་ཡོད།།
འཚེར་སྐད་ལྷང་ལྷང་སྒྲོག་པའི་འདོ་རིགས་རྟ་ཕོ་ནི།།
བང་ཁ་ཐང་དཀར་རྒོད་པོའི་གཤོག་ཟུང་གཡར་བ་འདྲ།།
ཨ་ཇོ་ཁྱེད་རང་འཇོན་ཐང་དེ་འདྲ་ཡོད་སོང་ན།།
ཐང་དཀར་རྒོད་པོའི་གཤོག་ཟུང་གཡར་ནས་འཕུར་ཤོག་དང་།།
ཚེར་མོ་ལུག་གི་བལ་ནི་སྤྲིན་པ་དཀར་པོ་འདྲ།།
ཁ་དོག་དཀར་བ་ཁྲ་ཆུང་མིག་ནང་ལྷང་ངེར་གསལ།།
འཇམ་པོ་བལ་ཞེས་གནའ་མི་རྒན་པོའི་ངག་ན་ཡོད།།
ལུས་ཕྲ་མ་ཡི་གཤིས་ཀྱང་དེ་ལྟར་ཡིན་པར་སྨོན།།
ཚེར་མོ་ལུག་གི་བལ་ནི་དངོས་གནས་ཧ་ཅང་འཇམ།།
བུ་མོ་ང་ཡི་གཤིས་ཀ་དེ་ལྟར་གཏན་ནས་མིན།།
ཨ་ཇོས་ང་ལ་རྒྱུས་མངའ་ཚིག་གསུམ་མ་ལོན་གོང་།།
གསོལ་བ་སྨོན་ལམ་མ་རྒྱག་རྗེས་སུ་འགྱོད་རོགས་རེད།།
ཁ་བའི་འདབ་མ་ལྷབ་ལྷུབ་ས་ལ་ལྷུང་ཐེངས་རེར།།
ནོར་འཛིན་བུ་མོའི་ལུས་སེམས་གཉིས་ཀ་དཀར་པོ་འགྱུར།།
སྨན་ཆུང་བུ་མོ་འུ་གཉིས་མཉམ་དུ་མཐུན་སོང་ན།།
འུ་གཉིས་སེམས་ཀྱང་ཁ་བ་ནང་བཞིན་ཆགས་རྒྱུ་རེད།།
ཁ་བ་གནམ་ནས་ལྷུངས་ཏེ་ཟགས་ས་ས་གཞི་རེད།།
ལུས་སེམས་གཉིས་ཀ་དཀར་པོ་གྱུར་ན་ཇ་ཡུན་ཙམ།།
འུ་གཉིས་གལ་སྲིད་ལས་ཀྱི་འདུད་པ་ཐེབས་སོང་ན།།
ཉིན་ཤས་རྗེས་ནས་སེམས་པ་ནག་པོར་འགྱུར་དགོས་སམ།།
ལ་ཁའི་དར་ཤིང་སྐྱ་བོ་ནང་བཞིན་ཁེར་རྐྱང་ངང་།།
རང་འདོད་བྱས་ནས་དུས་ཡུན་རིང་པོ་འཚོ་བསམ་ན།།
གངས་ཆར་རླུང་སོགས་ཁྲོད་དུ་ལང་ཚོ་རྒས་འགྲོ་བས།།
དེ་དུས་མཛེས་མ་འགྱོད་པ་སྐྱེས་ན་འཕྱི་ཡང་དྲགས།།
སེམས་ཁྲལ་སྲ་བརྟན་བྲག་རི་འདྲ་ལེ་བརྩེགས་དགོས་མེད།།
སྡུག་བསྔལ་མཚན་མོའི་མུན་པ་རུམ་ནང་འཇུག་དགོས་མེད།།
དྲིན་ཆེན་ཕ་མ་ཟེར་བའི་ཉི་ཟླ་ཟུང་གཅིག་ཡོད།།
སྐྱིད་པོ་གཡང་ཁྱིམ་ནང་ན་དྲོད་ཀྱིས་ཁེངས་ཡོད་དོ།།
མི་ཚེ་མི་རྟག་ནམ་མཁའི་དབྱིངས་ཀྱི་འཇའ་ལྟར་འདྲ།།
རྒྱུ་ནོར་མི་རྟག་དབྱར་གྱི་རྩྭ་འགོའི་ཟིལ་པ་འདྲ།།
མི་རྟག་མི་རྟག་ཟེར་བའི་སྐད་ཆ་གོ་མྱོང་ངམ།།
བུ་མོ་མཐོང་རྒྱ་ཆེན་ན་བསམ་བློ་འཁོར་ཚོད་རེད།།
མི་ཚེ་མི་རྟག་ཡིན་པར་སྔོན་ནས་ཤེས་ཀྱི་ཡོད།།
རྒྱུ་ནོར་མི་རྟག་ཡིན་པར་སྔོན་ནས་ཤེས་ཀྱི་ཡོད།།
ཡིན་ཡང་མི་རྟག་མི་རྟག་ཟེར་ནས་འདུག་པ་ལས།།
དྲིན་ཆེན་ཕ་མའི་འགྲམ་དུ་སྲི་ཞུ་བསྒྲུབ་ན་ཡག།
༼ ཨོ་ཏོག་བསྟན་ཉི། ༽