国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རི་གྲོང་།

འཇམ་ཐིང་ཐིང་གི་རི་གྲོང་གི་མཚན་མོ།

སྒོ་ཁྱི་གཅིག་པུས་མཐོ་སྒང་གི་མཚན་མོ་བསྲུངས་ནས་བསྡད།

སྐར་ཚོགས་ཀྱི་ཚོགས་ནི་སོ་སོའི་གསང་བ་སྦེད་ཀྱིན་ཡོད་པས།

ཟླ་བ་ཡང་སྔ་ས་ནས་གཉིད་དུ་ཡུར་ཟིན།

ཟླ་བ་གཉིད་དུ་ཡུར་ཟིན་པས་མཐོ་སྒང་གི་རི་ལུང་ན་རྫི་བོ་མེད།

འཇམ་ཐིང་ཐིང་གི་རི་གྲོང་གི་མཚན་མོ།

ནོར་གནག་ཚོས་ལྷས་རྭ་གྲུ་བཞིའི་ནང་དུ་རྭ་རྩེ་གཉིས་

གནམ་ལ་གཟེངས་ནས།

སིམ་སིམ་སིམ་ལ་ངལ་གསོས་པས།

གནག་རྫི་དང་ཆུང་འདྲིས་ནི་སྔར་ནས་གཉིད་ཟིན་ཅིང་།

རྨི་ལམ་གྱི་ཞིང་དུ་ངང་གིས་ཆས།

འོན་ཀྱང་མཐོ་སྒང་གི་རླུང་བུ་ནི།

ད་ཆ་རི་གྲོང་དུ་ཉལ་ཟིན་ནམ།

ཡང་ན་རི་གྲོང་ནས་རྒྱང་རིང་དུ་ཕྱིན་པ་ཡིན།

དེ་ནི་མཐོ་སྒང་གི་སྒོ་ཁྱི་གཅིག་པུར་གྱུར་བའི་འབྲོག་ཁྱི་

མ་གཏོགས་སུ་དང་གང་གིས་མི་ཤེས།

འཇམ་ཐིང་ཐིང་གི་རི་གྲོང་གི་མཚན་མོ།

དུས་རྟག་ཏུ་ཨ་མས་བཤད་པའི་སྙན་ལྷང་ལྷང་གི་གཏམ་

རྒྱུད་གཅིག་དང་མཚུངས།

ཆུང་བྱིས་པའི་སྐབས་སུ་རི་གྲོང་དུ་དལ་ལྷོད་ལྷོད་ངང་

མཚན་མོར་གཉིད་དུ་ཡུར་བའི་ཆུ་ཕྲན་ཞིག་ཡོད་ཟེར།

དེ་དང་ཆབས་ཅིག་ཏུ་ས་གཞི་དང་རྡོ་བ་ཡང་གཉིད་དུ་ཡུར་སྐད།

འོན་ཀྱང་བྲེལ་ཟིང་དང་འཚབ་འཚུབ་ངང་སྐྱོད་བཞིན་པ་ནི།

དུས་ཚོད་ཀྱི་སྐར་མདའ་སྤུན་གསུམ་ཡིན་པས།

ཆུང་ནས་གཅེས་པའི་བུ་ཆུང་རི་གྲོང་དང་གྱེས་ཤིང་།

རྒྱང་རིང་དུ་རྨི་ལམ་འཚོལ་དུ་སོང་།

སྔར་ནས་ད་བར་དུ་དུས་ཚོད་དག་ལ་བརྩེ་བ་དང་ཆགས་

ཞེན་གང་ཡང་ཡོད་མ་མྱོང་བས།

འཇམ་ཐིང་ཐིང་གི་རི་གྲོང་གི་མཚན་མོ་ད་ཆ་རྒས་ཟིན།

དེའི་དུས་དེ་དང་མཉམ་དུ་རྒས་བཞིན་པ་ནི།

འདམ་བག་བརྫིས་ནས་རྩེད་འཇོར་རོལ་སའི་ཕ་ཡུལ་དང་།

རི་གྲོང་དུ་ཡོད་པའི་བྱམས་བརྩེའི་ཕ་མ་ཡིན།

༼ ནག་ཤོད་ང་རོའི་འཚེར་སྒྲ། ༽