སྤྲིན་དཀར་དམར་བཞུད་པའི་བྱང་ཤར་ཀྱི་མཚམས་ནས།།
སེམས་ངེས་མེད་རྣམ་རྟོག་ཕྱོགས་མེད་དུ་རྒྱུ་ཞིང་།།
ལས་སྐྱིད་སྡུག་མཁའ་ལམ་སྨུག་པ་དང་སྡེབ་པའི།།
རྫ་དཀར་ནག་སྐོར་བའི་བྲེ་སེར་གྱི་འབྲོང་རྒོད།།
དགུང་ཉི་ཟེར་གངས་ཀྱི་དབུ་རྩེ་རུ་སྦྲོན་ཞིང་།།
གཡའ་དག་པའི་ནམ་མཁའ་ཆུ་འཛིན་གྱིས་དབེན་དུས།།
མཐོ་ཉི་ཟླ་བཏེགས་པའི་ཨ་སྔོན་གྱི་དབྱིངས་ནས།།
སྨུག་ལྡེམ་མེར་གཡོ་བའི་འབྲོད་རྒོད་ཀྱི་རྭ་རྩེ།།
ལོ་ཟླ་བའི་ཆར་ཞོད་སྟུད་མར་དུ་བབས་ཤིང་།།
རྩྭ་ཟིལ་བའི་མགོ་ལྕོག་ལྡེམ་མེར་དུ་གཡོ་དུས།།
གངས་དཀར་པོའི་འདབས་ཀྱི་སྤང་གཤོང་གི་ཚལ་དུ།།
བརྗིད་ཆགས་ཅིང་རྔམ་པའི་བྱང་ཐང་གི་རི་དྭགས།།
དགུང་ས་འཛིན་གྱི་ལྟོ་བར་སྨུག་པས་བཀླུབས་ཤིང་།།
སྦྲ་ནག་པོའི་ལྷས་མཐའ་རུ་ནོར་གྱིས་བརྒྱན་ཞིང་།།
འབྲོག་རྩམ་གཟན་དག་གིས་ཀི་ཡིས་འགེངས་བའི།།
བྱང་ན་དམར་གྱི་སྤང་ལྗོངས་ཁྱོད་ཀྱི་ཕ་ཁྱིམ།།
ཆུ་དྭངས་གསལ་གྱི་འབབ་རྒྱུན་དར་ལས་རིང་ཞིང་།།
སྨན་ཡིད་འོང་གི་གཤིས་ཀ་བལ་ལས་འཇམ་པའི།།
འབྲོག་སྦྲ་ནག་གིས་ཁྱབ་པའི་སྲིད་པའི་ཁྱོན་ཡངས།།
འབྲོང་བྲེ་སེར་གྱིས་སེམས་པའི་ཕྱིར་མིག་ཕྱོགས་ས།།
རྟ་འདོ་རིགས་ཀྱི་བང་ཁ་རྐྱང་དང་འགྲན་ནས།།
ལུག་གཡང་དཀར་གྱི་མེ་ཏོག་རྫ་ལ་བཀྲམ་པའི།།
གནས་སྐྱིད་པའི་ས་ཆེན་མཐོ་སྒང་གི་ལུང་པ།།
ཆུང་བྱིས་དུས་ཀྱི་རྨི་ལམ་འདྲ་མིན་འཁོར་ས།།
རྩི་མེ་ཏོག་གི་ལང་ཚོའི་ཁོ་ལག་རྒྱས་ཤིང་།།
བསུང་དྲི་ངད་ཀྱིས་སྒོ་ལྔའི་ཚོགས་དྲུག་བཅོམ་པའི།།
གངས་སྤྲིན་དཀར་གྱི་མཛེས་སྡུག་མགུལ་དུ་འཆང་བའི།།
བྱང་མཐོ་སྒང་གི་ལྟེ་བར་འབྲོང་གི་ཕ་ཁྱིམ།།
དགུན་ཁ་བ་དང་ལྷགས་པས་གྲང་གྲབས་མེད་ཅིང་།།
དབྱར་ཉི་ཟེར་གྱི་ཚ་བས་གདུང་ཚབ་མེད་པ།།
དུས་ནམ་ཟླ་ཡི་ལོ་གྲངས་ཅི་ཙམ་རྫོགས་ཀྱང་།།
གནའ་ཡར་སྔོན་གྱི་ཕ་གཞིས་སྲུང་བའི་འབྲོང་རྒོད།།
སྒང་ལབ་རྩེ་དང་ཟེ་བ་ཁོད་དུ་སྙོམས་ཤིང་།།
སྤྱན་དཀར་དམར་གྱི་མིག་མདངས་ཧད་ཀྱིས་བགྲད་ནས།།
རི་གངས་ཕྲན་ཀྱི་འདབས་སུ་དལ་གྱིས་གཟིམ་དུས།།
སྤྱང་ཤ་གཟན་གྱིས་འཇིགས་བསྔངས་བདོག་པར་མི་འདུག།
༼ སྡེ་དགེའི་གཡུ་རྣ། ༽