国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ།

སྤྱི་ཟླ10ཚེས14ཉིན། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འཇོག་པའི་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་ཆེན་མཁའ་འགྲུལ་ལྟེ་གནས་སློབ་རར་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཉིང་གྲོས་མཐུན་བཞག་པའི་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ། ལྷོ་ནུབ་མི་རིགས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།སློབ་གཙོ་ཝང་ཡུང་ཆང་གིས་གྲོས་མཐུན་བཞག་པའི་མཛད་སྒོ་གཙོ་སྐྱོང་བྱས་པ་རེད།

ཧྲེན་དབྱང་གིས་ཤིས་ཚིག་གནང་སྐབས་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དཀར་མཛེས་ཁུལ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གཉིས་ཀྱིས་ལས་འགན་ཐུན་མོང་དང་བརྩེ་དུང་མཉམ་འདྲེས་ཀྱིས་ལོ་མང་རིང་ཐོག་མཐའ་བར་གསུམ་དུ་འགྲོ་འོང་དང་མཉམ་ལས་རྒྱུན་འཁྱོངས་ཁྲོད་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ་དང་མཛའ་གྲོགས་ཀྱི་བརྩེ་བ་ཟབ་མོ་ཆགས་ཡོད། ད་ཐེངས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དེས་སློབ་གྲྭ་དང་ས་གནས་ཕྱོགས་གཉིས་ཀྱི་མཉམ་ལས་དུས་སྐབས་གསར་པར་སླེབས་པ་མཚོན་ཡོད་པས། དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྔར་ལས་སྟོབས་ལྡན་དང་ཡུན་རིང་གི་སྒུལ་ཤུགས་བསྣན་ངེས་རེད། ད་ཐེངས་ཀྱི་འཐབ་ཇུས་མཉམ་ལས་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་པོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞི། ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་བཅས་བྱས་ནས་ཐུན་མོང་ཐོག་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་།ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་།མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ལ་བསྐུལ་ཏེ།ལག་གདང་སྦྲེལ་ནས་དུས་རབས་གསར་པའི་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལེའུ་གསར་པ་འབྲི་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲང་ཉིང་གིས་ཧྲེན་དབྱང་དང་ལྷན་ཕེབས་བཅས་ལ་དགའ་བསུ་ཞུས་ཤིང་། ཁོང་གིས་ལྷོ་ནུབ་མི་རིགས་སློབ་ཆེན་དང་དཀར་མཛེས་ཁུལ་བར་སྔ་ནས་སྤེལ་རེས་ཟབ་མོ་དང་མཉམ་ལས་རྒྱ་ཁྱབ་ཡོད་པས་ད་ཐེངས་གྲོས་མཐུན་བཞག་ཚེ་ཕྱོགས་གཉིས་པོའི་ཁྱབ་ཁོངས་དེ་བས་གཏིང་ཟབ་དང་དེ་བས་རྒྱ་ཆེ་བའི་སྤེལ་རེས་མཉམ་ལས་བྱེད་འགོ་འཛུགས་རྒྱུ་རེད། སློབ་གྲྭས་རིག་ཚན་དང་ལག་རྩལ། ཤེས་ལྡན་མི་སྣ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་སློབ་གྲྭའི་ཞབས་ཞུའི་ནུས་པ་འདོན་གང་ཐུབ་བྱ་རྒྱུ་དང་། བྱེད་སྒོ་གལ་ཆེན་མཉམ་གཉེར་དང་འཕེལ་རྒྱས་ཀྱི་སྟེགས་བུ་ཐུན་མོང་ཐོག་འཛུགས་པ་བཅས་བྱས་ནས་ཐོན་ཁུངས་ཕན་ཚུན་སྤེལ་རེས་དང་སློབ་གྲྭ་དང་ས་གནས་མཉམ་སྦྲེལ། སྤུས་རྟགས་མཉམ་འཛུགས། འཕེལ་རྒྱས་མཉམ་རྒྱལ་བཅས་བྱ་རྒྱུ་ཞེས་བཤད།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཞའོ་ཕིང་དང་ལྷོ་ནུབ་མི་རིགས་སློབ་ཆེན་ཏང་ཨུའི་རྒྱུན་ཨུ། སློབ་གཙོ་གཞོན་པ་ཏུའུ་ལིན་གྱིས་ཕྱོགས་གཉིས་ཀྱི་ཚབ་ཞུས་ནས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད། གྲོས་མཐུན་གྱི་ནང་དོན་ལ་གཞིགས་ནས་ཕྱོགས་གཉིས་པོས་ཚན་རིག་ཞིབ་འཇུག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། རྟེན་གཞི་འཛུགས་སྐྲུན། རིག་གནས་ཡུལ་སྐོར། ཐོན་ལས་ལས་གཞི། དམིགས་འཛུགས་རོགས་རམ། དང་བླངས་ཞབས་ཞུ་སོགས་ཀྱི་ཐད་ནས་མཉམ་ལས་ཟབ་མོ་བྱས་ཏེ་སློབ་གྲྭ་དང་ས་གནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་མཚོན་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།

ཁུལ་མགོ་ཁྲིད་ཁྲེན་པོ་ཐའོ་དང་ལིའུ་ཧུང་དང་།ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མགོ་ཁྲིད་དབྱང་ཧྲེང་ཐའོ་དང་ལུའོ་ཕིང་།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྣམས་གྲོས་མཐུན་འཇོག་པ་དང་བཞུགས་མོལ་ནང་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)