སྤྱི་ཟླ10པའི་ཚེས11ཉིན།ཁུལ་ཡོངས་ཀྱི་ཨང་ཀིས་ཡུལ་སྡེ་དར་རྒྱས་ལ་ནུས་པ་སྤྲོད་པའི་ཡུལ་དངོས་ཚོགས་འདུར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དཀར་མཛེས་ཁུལ2024ལོའི་གློག་རྡུལ་ཚོང་ལས་ཞིང་རོགས་ཕྱིར་ཚོང་ཨང་དང་པོ་ཐོབ་མཁན་གསུམ་ལ་གཟེངས་བསྟོད་གནང་ཞིང་། བྱེད་སྟངས་དེས་རང་ཁུལ་གྱིས་ཨང་ཀི་ལག་རྩལ་དང་ཡུལ་སྡེ་དར་རྒྱས་མཉམ་འདྲེས་འཚོལ་ཞིབ་བྱས་པ་དང་གློག་རྡུལ་ཚོང་གཉེར་བྱ་གཞག་ལ་སྐུལ་མ་གཏོང་བ་མཚོན་ཡོད།
གོ་རིམ་ནན་པོས་དཔྱད་འདེམས་བྱས་པར་བརྒྱུད་བློ་བཟང་དང་སྒྲོལ་མ་ཆུང་བ། རུའོ་ཏིང་ཧྲན་གྱི་ཨ་བུ། དྲྭ་གྲགས་སྒྲོལ་མ་བཅས་གློག་རྡུལ་ཚོང་པ་གསུམ་ལ་གཟི་བརྗིད་མཚན་སྙན་ཐོབ། ཁོ་ཚོས་བརྙན་ཐུང་དང་ཐད་གཏོང་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤུགས་རྐྱེན་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་།མི་རིགས་རིག་གནས།ཞིང་ཐོན་བཅས་རྒྱལ་ཡོངས་སུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ཁྱབ་གདལ་བཏང་སྟེ།ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་དང་གྲོང་སྡེ་འཕེལ་རྒྱས་སྐོར་ནུས་པ་འདོན་པའི་ཕུལ་བྱུང་འཐུས་མིར་གྱུར་ཡོད།
ཧྲང་ཧའེ་ནས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་བློ་བཟང་གིས་ལག་ཏུ་གཟེངས་རྟགས་ཁྱེར་ནས་ཐོག་མར་ངས་ཐོན་རྫས་རྣམས་རང་ཉིད་ཀྱིས་ཐུམ་བརྒྱབ་ནས་བཏང་བ་ཡིན། ད་ཆ་སྲིད་ཇུས་ཀྱི་རོགས་སྐྱོར་འོག་གློག་རྡུལ་ཚོང་དོན་གྱི་རྟེན་གཞི་ཡོད་པས་དེ་བས་སྟབས་བདེ་ངང་ས་ཕྱོགས་སོ་སོར་སྐྱེལ་ཐུབ། དེ་ནི་ང་རང་ཕ་ཡུལ་དུ་ལོག་ནས་ལོ་དྲུག་རིང་ཐད་གཏོང་གི་མྱོང་ཚོར་ཆེ་ཤོས་ཡིན་ཞེས་བཤད། ཁོའི་རྩིས་ཨང"བློ་བཟང་དང་སྒྲོལ་མ་ཆུང་བ"ཡི་དྲྭ་ཡོངས་ཞེན་མི་ཁྲི400ལས་བརྒལ་བ་དང2024ལོར་དྲྭ་ཐོག་ནས་ཕྱིར་ཚོང་བྱས་པའི་སྒོར་ཁྲི786.91ལ་ཟིན་པས་ཕ་ཡུལ་ལ་དུང་ཕྱུར2ཙམ་གྱི་བཞུར་ཚད་དམར་འདོན་བྱས་ཡོད།
དཀར་མཛེས་ཁུལ་གློག་རྡུལ་ཚོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་འགྱུར་ལྡོག་དངོས་སུ་མྱོང་མཁན་ཞིག་ཡིན་པའི་བློ་བཟང་གིས་དངོས་ཟོག་སྐྱེལ་འདྲེན་གྱི་མཆོང་སྐྱོད་དེ་དམིགས་སུ་བཀར་ནས་སྔོན་ཆད་མྱུར་སྐྱེལ་ལེན་དལ་བར་མ་ཟད།ད་དུང་རིན་སྤྲོད་དགོས་ཀྱི་ཡོད།ད་ཆ་ཐོན་རྫས་རྣམས་དར་མདོ་ནས་བསྐྱལ་ན་ཕྱི་ཉིན་ཞིང་ཆེན་ནང་ཁུལ་གྱི་ས་ཆ་སོ་སོར་འབྱོར་ཐུབ། དངོས་ཟོག་སྐྱེལ་འདྲེན་དང་སྟེགས་བུ།རྟེན་གཞི་བཅས་བཙུགས་ཡོད་པས་ང་ཚོས་དཀར་མཛེས་ཁུལ་གྱི་སྤུས་ལེགས་རི་ཐོན་ཐོན་རྫས་དེ་བས་མང་བ་ས་ཕྱོགས་གང་སར་སྐྱེལ་ཐུབ་པ་བྱུང་ཡོད་ཅེས་བཤད།ད་ཆ་བློ་བཟང་ནི་ཕ་ཡུལ་གྱི་ཆེས་ནུས་ལྡན་གྱི“བཞུར་ཚད་སྒུལ་འཁོར”དང“དབུ་བཞུགས་སྦྱོར་སྤྲོད་དཔོན་པོ”ལ་གྱུར་ནས་ས་གནས་དེ་གའི་མང་ཚོགས100ལྷག་གི་ལོ་རེར་ཡོང་འབབ་སྒོར་ཁྲི1.5འཕར་བར་ཐད་ཀར་སྐུལ་ཁྲིད་བྱེད་བཞིན་ཡོད།
ལོ་ངོ22རིང་གྲོང་སྡེའི་ལས་གཏོད་ལ་ཉམས་མྱོང་ཡོད་པའི་ཨ་བུ་ནི་ཁོ་གསུམ་པོ་ལས“སྐྱེ་ཁམས་དཔལ་འབྱོར་གྱིས་གྲོང་སྡེར་ཕན་ཐོགས་པ”འཚོལ་ཞིབ་བྱེད་མཁན་དཔེ་མཚོན་ཞིག་ཡིན་ཞིང་། “རུའོ་ཏིང་ཧྲན་གྱི་ཨ་བུ”ཡི་རྩིས་ཨང་ཐོག་མཛེས་ལྗོངས་ཁྱབ་གདལ་བཏང་བར་མ་ཟད།སྲད་སེར་དང་ཀླུ་བདུད་རྡོ་རྗེ་སོགས་རི་ཐོན་ཐོན་རྫས་སྤུས་ལེགས་གཟུགས་ལམ་ཐོག་ནས་ཁྲོམ་རར་ཁྱབ་གདལ་བཏང་བ་དང་།2024ལོར་དྲྭ་ཐོག་ནས་ཕྱིར་ཚོང་བྱས་པའི་སྒོར་ཁྲི587ལ་ཟིན་ནས་མང་ཚོགས200ལྷག་གི་ཡོང་འཕར་ལ་སྐུལ་ཁྲིད་བྱས་ནས་གྲུབ་འབྲས་ཀྱང་མི་དམན་པ་ཐོབ།
ཨ་བུས་ང་ཚོས་ནམ་ཡང་རིན་གོང་ཐད་འདི་ལྟར་དོ་སྣང་མི་བྱས་པར་སྤུས་ཚད་གཙོ་བོར་འཛིན་གྱི་ཡོད། མཉམ་སྤྱོད་བྱེད་སྐབས་བློ་བརྟན་འགྱུར་མེད་གྱིས་ང་ཚོའི་ཞིང་ལས་ཐོན་རྫས་སྐྱེ་ལྡན་དང་སྤུས་ཚད་ལེགས་པོ་ཡོད།དེ་ནི་ཐོན་ཁུལ་གཞན་པའི་འགྲན་ཟླ་བྲལ་བའི་ལེགས་ཆ་ཞིག་ཡིན། སྤུས་ཚད་བརྟན་སྲུང་དེ་རིགས་ཀྱིས་ང་ལ་ཁྲོམ་རའི་ཡིད་ཆེས་ཐོབ་ཡོད་ཅེས་བཤད།ཁོང་གིIPཡིས་ལོ་ལྟར་གྲོང་སྡེའི་ཐུན་མོང་ལ་ཐད་ཀར་ཁེ་སྤོགས་སྒོར་ཁྲི4སྦྱིན་གྱི་ཡོད་པར་མ་ཟད།གཞོན་ནུ་དེ་བས་མང་བ་ཕ་ཡུལ་དུ་ལོག་ནས་དེའི་ནང་ཞུགས་པར་ཡིད་སྨོན་བྱེད་ཀྱི་ཡོད་ལ།རི་སྔོན་ཆུ་དྭངས་ཨང་ཀིའི་ནུས་སྤྲོད་ལ་བརྟེན་ནས་གསེར་རི་དང་དངུལ་རིར་དངོས་སུ་བསྒྱུར་བ་ར་སྤྲོད་བྱས་ཡོད།
དྲྭ་གྲགས་སྒྲོལ་མ་ལོ་ན་གཞོན་ནའང་གློག་རྡུལ་ཚོང་ལས་ཀྱི་ཐབས་ལམ་ལ་ཧ་ཅང་མཁས་ཤིང་། མོས་གཅིག་ནས་རྒྱུ་སྤུས་ལེགས་སུ་གཏོང་དགོས་པ་དང་།གཉིས་ནས་ཞེན་མི་ཡོང་འབབ་བཙལ་བའི་ལག་ཆ་ལྟ་བུར་བརྩི་མི་རུང་ཞེས་བཤད། མོས་གངས་རི་དང་ཕྱུགས་རྫི།གླུ་གར་སོགས་གདོད་མའི་སྐྱེ་ཁམས་འཚོ་བ་འགྲེམས་སྟོན་བྱས་པར་བརྒྱུད་དྲྭ་རྒྱ་ཡོངས་ཀྱི་ཞེན་མི་ཁྲི400ལྷག་ལ་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པར་མ་ཟད།དབྱར་རྩྭ་དགུན་འབུ་དང་བེ་ཤ་སོགས་ཕྱིར་ཚོང་གི་ལམ་ཕྱེས་ནས2024ལོར་དྲྭ་ཐོག་ནས་ཕྱིར་ཚོང་སྒོར་ཁྲི511ལ་ཟིན་པ་རེད།
སི་ཁྲོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་འཛིན་མཁན་ཞིག་ཡིན་པའི་ངོས་ནས་དྲྭ་གྲགས་སྒྲོལ་མས་དཀར་མཛེས་ཁུལ་ན་གཞོན་མི་རབས་ཀྱི་འགན་འཁྲིའི་འདུ་ཤེས་མངོན་ཡོད། མོས་གཟི་བརྗིད་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་ལང་ཚོ་དང་བློ་གྲོས་ལ་བརྟེན་ཏེ་ཡུལ་སྡེ་དར་རྒྱས་ཡོང་བར་སྟོབས་ཤུགས་དེ་བས་མང་བ་འབུལ་རྒྱུ་ཡིན། གྲུབ་འབྲས་ནི་ཐོན་རྫས་བཙོང་ཐུབ་ཙམ་མ་ཡིན་པར་ཕ་ཡུལ་གྱི་གྲོང་སྡེའི་ཡུལ་སྐོར་ལ་སྒུལ་ཤུགས་གསར་པ་ཞིག་བསྣན་ནས་སྲོལ་རྒྱུན་དང་དེང་རབས། གྲོང་སྡེ་དང་འཛམ་གླིང་འབྲེལ་མཐུད་བྱེད་པའི་རིག་གནས་ཟམ་པ་ཞིག་ཏུ་གྱུར་ཡོད་ཅེས་བཤད།
ད་ཐེངས་ཀྱི་གློག་རྡུལ་ཚོང་ལས་ལ་བརྟེན་ནས་ཞིང་རོགས་ཚོང་གཉེར་ཨང་དང་པོ་ཐོབ་པའི་དཔྱད་འདེམས་དེ་མི་སྒེར་གྱིས་རང་མོས་རེ་ཞུ་དང་།རྫོང(གྲོང་ཁྱེར)གིས་ཐོག་མའི་ཞིབ་བཤེར།ཁུལ་རིམ་པའི་བསྐྱར་ཞིབ་དང་སྡེ་ཚན་མང་པོས་མཉམ་འབྲེལ་ཞིབ་བཤེར་བྱས་པ་དང་འབྲེལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་གྲོས་ཞིབ་ཆོག་མཆན་ཞུ་དགོས། དེའི་དམིགས་ཡུལ་ནི་ཚད་གཞི་བཙུགས་ནས་གློག་རྡུལ་ཚོང་ལས་ཀྱི་གསོན་ཤུགས་ལ་སྐུལ་མ་གཏོང་བ་དང་།ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྐུལ་ཁྲིད་བྱ་རྒྱུ་གཙོ་བོར་འཛིན་པ་རེད།།
( ཀུན་དགའ་བསམ་གཏན་གྱིས་བསྒྱུར།)