སྨྲེང་སེམས་ཁུར་བའི་རྒྱ་སེ་མེ་ཏོག་སྟོན་མཇུག་སད་ཀྱིས་མ་བཅོམ་ཡང་།།
འོ་སྐོལ་འདུ་འཛོམས་ལས་ཀྱིས་འཕེན་ཞིང་ནམ་ཞིག་ལས་ཀྱིས་ཟད་པ་སྟེ།།
མཚོ་ལྗང་གཡུ་ལོ་རླུང་གིས་སྐྱོམ་ཞིང་ངང་ཆུང་ཁྱོ་ཤུག་བརྩེ་དགའ་རོལ།།
འདུ་འབྲལ་མེད་པའི་དམ་བཅའ་བརྟན་ཡང་མཚོ་མོའི་དར་ཁ་སུ་ཡིས་འགོག།
གཞོན་པའི་སྣང་བའི་ཕྱི་ནང་ཀུན་ཏུ་མཛའ་བརྩེའི་གཙང་པོ་བཞུར་ན་ཡང་།།
རྒྱུན་ཐག་བསྲིངས་པའི་ལས་སྐལ་ཡོད་དམ་ང་ཡིས་སུ་དང་གང་ལ་འདྲི།།
དལ་གྱིས་བཞུར་བའི་ཡར་ཀླུང་གཙང་པོ་མཐའ་མེད་རྒྱ་མཚོར་ཐིམ་པ་ལྟར།།
ཁྱོད་སེམས་བརྩེ་བའི་གཏིང་མཐའ་ཀུན་ཏུ་འདི་ལྟར་འགྱུར་བ་ཡོད་ན་སྙམ།།
ཟིན་མེད་སེམས་པའི་རྗེས་དང་ཤུལ་ན་མཛའ་བའི་མེ་ཏོག་ཅིའི་ཕྱིར་སྨྲེང་།།
གདུང་སེམས་ཁོ་ན་གཏེར་དུ་སྦས་ཤིང་འབྲལ་ཁའི་གདུང་ཡུས་སྙིང་ལ་གབ།།
ཕལ་ཆེར་ཡིད་ཀྱིས་ཚོད་འཇོག་བྱས་ན་འཁོར་བའི་རང་གཤིས་ཨེ་ཡིན་ཏེ།།
ཕན་ཚུན་ཟུག་པའི་མཛའ་བརྩེ་རེ་རེར་ནམ་ཞིག་བྲལ་ཁའི་གདུང་དོན་ཅི།།
རྩྭ་ཐང་འཁྲིས་ཀྱི་མེ་ཏོག་སྣ་ཚོགས་མཛེས་སྡུག་ཁོ་ནས་ཁྱབ་ན་ཡང་།།
ང་ཡི་སེམས་ཀྱི་ཧ་ལོའི་མེ་ཏོག་མཛེས་སྡུག་དེ་ལས་ལྷག་པར་འདོད།།
དགོང་ཁའི་སྤྲིན་པ་གང་ལ་འགྲོ་འམ་བདག་གི་བརྩེ་བའི་འཕྲིན་པ་འདི།།
མུ་མཐའ་མེད་པའི་སེམས་ཀྱི་གཏིང་ལ་ལན་གཅིག་སྐྱེལ་ན་ཨེ་ཆོག་སྟེ།།
ང་ཡི་འཁྲིས་ཀྱི་ཁ་བའི་ལོ་མ་ཁེངས་པའི་ཉམས་ཀྱི་ས་ལ་འབབ།།
ཉེ་བའི་རྩི་ཤིང་སྐྱོ་བའི་ཚུགས་ཀས་ང་ལ་ཡང་ནས་བསྐྱར་དུ་ལྟ།།
ཁེར་རྐྱང་ཁོ་ནས་གདུང་སེམས་དེ་ཡིས་བརྩེ་བའི་ལོ་ཟླ་ཡུན་གྱིས་བགྲང་།།
ཕབ་ཀྱིས་བསྙལ་བའི་བརྩེ་བའི་རྒྱ་མཚོ་ཅིའི་ཕྱིར་བྱམས་པའི་བཟི་ཁ་མེད།།
ང་ཡི་ལས་སྐལ་ཤར་ལ་བསྐོས་ཤིང་ཁྱོད་ཀྱི་ལས་སྐལ་ལྷོ་རུ་བསྐོས།།
ཁ་འབབ་གཙང་པོ་སོ་སོར་གྱེས་པའི་གསེར་ཉ་དེ་དང་འདྲ་འམ་སྙམ།།
ལས་སྐལ་མེད་པའི་འཕྲིན་པ་འདི་ཡང་ད་ནི་ལྷ་ལ་ཕུལ་བ་སྟེ།།
རལ་བའི་མེ་ཏོག་རླུང་ལ་བསྐུར་ཅིང་བརྩེ་བའི་འཕྲིན་པ་མེ་ལ་སྦར།།
རྒྱ་ཕིབས་སེར་པོའི་གཟི་དཔལ་འཁྲིས་སུ་ང་ཡིས་རྨི་ལམ་རླུང་ལ་བསྐུར།།
ཤིན་ཏུ་དྭངས་པའི་ཁྱོད་ཀྱི་སེམས་པ་ང་ཡིས་ནམ་མཁའི་ལྷ་ལ་སྤྲུལ།།
དྭངས་གསལ་ཡིད་མཁའི་མཚོ་བྱུང་མ་ཁྱོད་ད་ནི་ང་ཡིས་ཡང་ཡང་བསྙེན།།
ཨ་ཕོའི་ལས་སྐལ་རི་སུལ་གན་ན་བག་ཡངས་རྒྱུ་བའི་རི་དྭགས་བཞིན།།
༼ ཚུལ་མཁས། ༽