ཡི་མུག་ནད་འབུས་དུས་ཚོད་ཟ་ཚེ་སེམས་འདི་ཁྱོད་ཀྱིས་གཉོར་ན་བསམ།།
ཁོ་བོས་རང་གི་ལུས་སེམས་མི་དྲོས་དགུན་ཁའི་བྱེའུ་ཕྲུག་ཁེར་རྐྱང་བཞིན།།
འཇིག་རྟེན་འཁྱག་པ་གྲམ་ཐང་འདྲ་བར་ང་ཡི་ཁྱིམ་གཞིས་གང་དུ་མཆིས།།
འདྲ་མིན་མི་ཚོགས་ཁ་རླངས་སྟུག་པོ་སྤུ་གྲིའི་ནགས་ཚལ་ཇི་བཞིན་གཟེང་།།
གནས་ཡུལ་འཁོར་བ་ལུང་སྟོང་ཆ་མེད་ང་ནི་ཤེའུ་ཕྲུག་འཁྱམ་པོ་རེད།།
ཁེར་རྐྱང་སྐྱོ་བ་ལ་ཁའི་ན་བུན་ཚེ་ཡི་མནར་གཅོད་ཇི་བཞིན་གཡུགས།།
ཞེད་སྣང་འདི་ཡི་མུན་སེལ་ཡོང་ངམ་ཡིད་ཀྱི་ཐ་གུ་གདགས་གཞི་ལགས།།
སྐྱེ་བ་གཅིག་གི་དྲན་ཤིང་ཆོག་གམ་ང་ཡི་འཁོར་བའི་སྙིང་པོ་ལགས།།
ང་ནི་ལས་སྣང་སྒྱུ་མའི་ཐང་ཆེན་སྔངས་འདྲོག་བྱེད་པའི་རི་དྭགས་ཤིག།
སྨིག་རྒྱུ་ཆུ་རུ་འཆར་ཚུལ་འདི་ཀོ་བསྐལ་པ་སྟོང་གི་སྡིག་སྒྲིབ་འདྲ།།
བརྩེ་བའི་ཕྱག་གིས་གནས་ཚང་སྦྱིན་ནམ་ང་ཡི་མིག་གི་གཏད་སོ་ལགས།།
དུང་བའི་ཚིག་གིས་མི་ཚེ་འགྲེལ་ལམ་ང་ཡི་སྲོག་གི་རུ་མ་ལགས།།
ས་ཆེན་པང་གི་ཡིག་འབྲུ་སེར་པོ་གསེར་གྱིས་མ་བྲིས་ཁྲག་ལས་གྲུབ།།
ལོ་ཟླའི་བར་གྱི་ཤོག་ཧྲུལ་རལ་པོར་དར་སྐུད་མ་བཏབ་གློ་མཆིན་གླན།།
ཁྱོད་རང་འཚོལ་བ་ཀུ་རེ་མ་ཡིན་མིག་ཆུས་བཀྲུས་པའི་ལམ་ཕྲན་ཡིན།།
ང་ཡི་ཚེ་སྲོག་རྡོ་ལས་མ་སྐྱེས་སྙི་བའི་སེམས་དང་དགའ་སྐྱོས་གྲུབ།།
ཁྲེལ་གཞུང་འདི་ཡིས་མི་སྐད་མི་ཤོད་སྡུག་བསྔལ་གཙང་པོའི་རླབས་དང་སྡེབ།།
ཡིད་ཆེས་འདི་ཡང་ལྐུགས་པའི་བརྗོད་འདོད་བྱང་ཁོག་ནང་དུ་མིད་པ་འདྲ།།
དག་སྣང་ངོས་ཀྱི་འཇའ་ཚོན་རི་མོ་དུས་ཀྱི་ཆུ་བོས་འདེད་བཞིན་འདུག།
ང་ཡི་ཐོབ་ཤོར་ཇི་ལྟར་འགྲེལ་ལམ་བདེ་སྡུག་སྟོང་གི་བྱེད་པོ་ལགས།།
འདས་སོང་མི་ཚེའི་སྒང་གཤོང་གཉིས་ལ་འགྱུར་བའི་རླུང་ཆེན་གཡུགས་སོང་ཟིན།
གཏམ་རྒྱུད་གསེང་གི་ལྷ་སྲས་ལྷ་མོས་ཁོ་བོ་གཅིག་པུར་བསྐྱུར་སོང་ཟིན།
ང་ཡིས་རང་ཉིད་བོར་སྟོར་ཐེབས་ཏེ་མི་ཚེ་མིག་ཆུར་བསྟིམ་ཉེ་བས།།
མུན་པའི་དོང་དུ་དཔྱང་ཐག་འཕོངས་དང་ཚེ་རབས་འདི་ཡི་དྲན་པ་ལགས།།
ང་ཡི་འཁོར་བ་སྒྱུ་མའི་ཆང་བུམ་ཁྱེད་ཉིད་བཅུད་ཀྱི་བདུད་རྩི་ལགས།།
མེ་ཏོག་ལྟ་བུའི་དྲི་ངད་དེ་ཡང་བདག་སེམས་བུང་བ་གཡོ་བའི་རྐྱེན།།
འོད་ཟེར་བྱེ་བ་ཕྲག་བརྒྱ་སྤྲོ་བའི་རྨི་ལམ་ནང་གི་སྙིང་པོ་ལགས།།
ཚེ་སྲོག་འདི་ཡི་དགུན་ལྗོངས་ཚོར་རམ་ཡིད་གསོ་དྲོད་ཐིག་སྦྱིན་དུ་གསོལ།།
དུངས་སེམས་མཚོ་མོ་ངལ་བས་གསེད་ན་ཉི་ཟླའི་རྣ་ཆ་སུ་ལ་དབང་།།
སེམས་པའི་ཐང་ཆེན་མིག་ཆུས་སྦངས་ན་བརྩེ་བ་བརླན་པ་སུ་ལ་སྦྱིན།།
སྒྱུ་མའི་གདན་ལ་ཁྱེད་ཉིད་བཞུགས་སམ་ང་ཡི་འཇའ་ཚོན་ལྷ་མོ་ཀྱེ།།
ཁྱེད་རང་རྨིས་པའི་རྨི་ལམ་འདི་དག་ཚེ་སྲོག་སྒུལ་བའི་དབྱངས་རྟ་ཡིན།།
བརྟན་གཡོའི་སྣོད་བཅུད་རླུང་གིས་སྦས་པའི་སྟོང་ཆེན་ཆུ་ཡི་ལྦུ་བ་རུ།།
སྣང་བའི་ཆོས་ཀུན་ཆུ་ཤིང་ཇི་བཞིན་མི་རྟག་ནམ་ཟླས་སད་ཤུལ་དུ།།
ཁྱོད་ཉིད་གཅིག་པུ་མཐོང་གྲོལ་ཞལ་དུ་འཛུམ་པ་ཡོང་ངམ་བླ་སྲོག་ཀྱེ།།
ཁེར་རྐྱང་མདོ་ལ་འགྲེལ་བཤད་བྱེད་དམ་ང་ཡི་བརྩེ་བའི་སྙིང་པོ་ལགས།།
ལོ་ཟླའི་ཕྲེང་གོག་མུ་རུ་དྲངས་ན་སུན་སྐྱོའི་ལུང་སྟོང་ཟད་དུས་མེད།།
བསམ་གཞིག་སྟོང་པའི་ནམ་མཁའ་གཤག་ན་ང་ཡི་ཁྱིམ་ཚང་རྙེད་དུས་མེད།།
རྒས་གཉེར་རིས་ཀྱོག་ཚེ་ཡི་ནོམ་སྐལ་བརྩི་བར་འོས་སམ་སྙིང་ཆུང་ཀྱེ།།
ཁོ་བོ་གཅིག་པུས་སྐྱོ་བ་ཐེག་གམ་དྲན་པར་བརྒྱུས་པའི་བླ་གཡུ་ལགས།།
སྒྱུ་མའི་རྟ་གླང་རི་ལ་ཡན་ན་བརྩེ་བའི་སྤང་ཐང་རྒྱ་བསྐྱེད་དམ།།
སེམས་ཀྱི་རི་དྭགས་སྔངས་འདྲོག་བྱས་ན་ཤ་ཚའི་ཁྱིམ་ཚང་སྦྱིན་ཡོང་ངམ།།
ལང་ཚོའི་མཚན་མོ་སྐྱོ་གླུས་བརྒལ་ན་ཚེ་མཇུག་ཁྱེད་དང་འཕྲད་སྲིད་དམ།།
དྲན་སྣང་འདི་ཡིས་ལོ་ཟླ་བསྐྱལ་ན་བདག་ལ་སྙིང་ཉེར་འབོད་སྲིད་དམ།།
ལས་འཕྲོའི་གཙང་པོའི་གཏིང་རུམ་བསྙབ་ན་ཁྱེད་ཀྱི་རེག་བྱ་ཚོར་ཡོང་ངམ།།
སེམས་ཀྱི་ཀོ་གྲུ་རྒྱང་རིང་ཕྱོགས་ན་རེ་སྒུག་འདུན་མས་བསུ་ཡོང་ངམ།།
འགང་ཆེན་སྲོག་གི་ཀོང་ཀོང་འདི་རུ་བྱུ་རུའི་ཕྲ་རྒྱན་གདབ་སྲིད་དམ།།
སྐྱིད་སྡུག་ལས་སྐལ་ཁྱེད་ལས་མེད་དོ་དུང་སེམས་མཚོ་མོའི་གསེར་ཉ་ལགས།།
སྐྱོ་བ་འགམས་པའི་སྨྲ་སྒོ་འདི་ཡིས་ཁྱོད་རང་གླེང་གླེང་གཞན་མ་གླེང་།།
རྨི་ལམ་ལྟ་བུའི་སེམས་པ་འདི་ནི་ཁྱོད་ལ་མོས་མོས་གཞན་ལ་མིན།།
དངོས་ཡོད་མིན་པའི་རྟོག་བཏགས་ནང་གི་སྒྱུ་མའི་དྲན་ཚོར་ཁྱོད་ཀྱིས་སྦྱིན།།
ཧ་ཅང་འཁྱག་པའི་བྱང་ཁོག་སྟོད་དུ་འོད་ཟེར་ཉག་ཙམ་ཁྱོད་ཀྱིས་སྤྲོས།།
མཛའ་བརྩེ་ནམ་མཁའི་ཤོང་རྒྱ་སྐྱེད་ཚེ་ཁྱོད་ལས་ཆེ་བའི་ཆོས་མ་མཆིས།།
ཀུན་རྟོག་ཆང་གིས་མྱོས་པར་འགྱུར་ཚེ་ང་ཡིས་ཁྱོད་ཀྱི་མིང་དོན་བསློགས།།
དབང་འབྱོར་སྒྱུ་མའི་སྦྲིད་སྨན་མིན་ཞེས་མི་རྐྱང་སྨྱོན་པས་ལབ་ཅིག་བརྒྱབས།།
སྲིད་པའི་ཆོས་ཀུན་བསྡུས་ཀྱང་མི་འགྲན་སྙིང་པོ་ངེད་ཅེས་ཅོལ་གཏམ་སྨྲས།།
ཁ་ཕྱོགས་བོར་བའི་སྐར་མ་མཐོང་ངམ་དེ་ནི་ཁོ་བོའི་རྣམ་ཤེས་ཡིན།།
སྨུག་པའི་ཁ་ཆུ་གདོང་གིས་རེག་གམ་དེ་ཡང་དྲན་པའི་མིག་ཆུ་ལགས།།
སྐྲ་ཡི་ལྷས་མར་བྱིལ་བྱིལ་གཏོང་བའི་སྲོད་ཀྱི་རླུང་ཡན་ཨེ་ཚོར་རམ།།
དེ་ཡང་ཁོ་བོས་ཁྱོད་ལ་གཏོང་བའི་གཡབ་མོར་ངེས་སམ་སྙིང་ཆུང་ཀྱེ།།
འཚོ་བའི་སྒལ་རུས་མུ་རུ་གཤག་ཚེ་མུན་པའི་གཞུང་ལ་ཟད་མཐའ་མེད།།
ན་རྒའི་དོན་ལ་ཡང་ཡང་གཞིག་ཚེ་ཁེར་རྐྱང་མདོ་ལ་འགྲེལ་བཤད་མེད།།
ང་ནི་སྡོང་འགོའི་བྱེའུ་ཆུང་ཇི་བཞིན་དམིགས་ཡུལ་ཤོར་བའི་ལམ་འགྲོ་པ།།
སྐྱབས་འཇུག་ཕྱག་གིས་འཇུ་བ་གནང་ངམ་སེམས་ཀྱིས་སྦར་བའི་སྒྲོན་མེ་ལགས།།
འཛུམ་ཀོང་ཕག་གི་གསང་བའི་མཛེས་པས་སྡུག་སྨྲེའི་ལན་ཆགས་གཅད་འགྲོ་སྙམ།།
སེམས་ཁུར་ཚིག་གིས་སྐྱེ་འཆིའི་འཇིགས་པ་སྟོང་པའི་ཁམས་པ་བསྟིམ་འགྲོ་སྙམ།།
མི་ཚེའི་ལས་སྐལ་ཉིད་ལ་བཅོལ་ན་བདེ་སྐྱིད་ནམ་མཁའ་རྙེད་ཡོང་སྙམ།།
ཁྱོད་ལ་བཞག་པའི་དག་སྣང་མེ་ཏོག་ལོ་ཟླས་རྙིད་པ་མེད་དོ་སྙམ།།
ཚོར་བའི་ཁ་སྒོའི་འབྱེད་འཛུམ་བར་ནས་སེམས་ཀྱི་ལུག་ཁྱུ་རི་ལ་གྲམ།།
ཡངས་པའི་རྩྭ་ལྗོངས་ཡིད་ཀྱི་དག་ཞིང་ཉིད་ཀྱི་ས་གཞིས་ཡིན་ན་སྙམ།།
དྭངས་མོའི་བརྩེ་བ་ཟིལ་ཐིགས་ཚུལ་དུ་ང་ཡི་ཤ་རུས་སིམ་ན་སྙམ།།
སྐྱེ་བ་འདི་ཡི་འཚོ་བའི་སྔས་མལ་ཁྱོད་ཀྱི་པང་དུ་བྱས་ན་སྙམ།།
འདི་ནས་མདུན་གྱི་ལམ་བུ་ཀྱག་ཀྱོག་དགའ་སྐྱོའི་མིག་ཆུས་སྦང་དགོས་སམ།།
སེམས་པའི་ཕྱི་ནང་དགུན་ཁ་ཚེས་ན་རེ་བསྒུག་དབྱར་ཁ་ཁྱེད་འོས་སམ།།
ཐེ་ཚོམ་གཙང་པོ་འཕྲེད་ཀྱིས་བཅད་ན་གཏན་གྱི་འདུན་མ་ཁྱེད་ཡོང་ངམ།།
ང་ནི་སྣང་བའི་ཕག་གི་མཛེས་སྡུག་གཏན་གྱི་སྐྱབས་སུ་བཀུར་མཁན་ཞིག།
གནམ་མཐའི་སྐར་ཚོམ་རླུང་གིས་སྐྱོད་དུས་རྒྱང་རིང་སྨིན་དྲུག་མིག་གིས་འཚོལ།།
སྲོད་ཀྱི་རྩྭ་ཐང་ཁེར་རྐྱང་ཡིན་དུས་འཆར་སྣང་དཔྱངས་ཐག་མུ་རུ་བསྲིངས།།
ལག་སྟོང་བརྐྱང་སའི་བར་སྣང་མཐོངས་སུ་གཟུགས་མེད་ལྷ་མོ་ཡོད་དམ་སྙམ།།
ང་ཡི་བསམ་འདུན་འཁྲུལ་བའི་གར་གྱིས་སྐྱོམ་པ་འདུག་གོ་བླ་གནས་ཀྱེ།།
འུར་ཟིང་རླུང་གིས་ཚེ་ཕྱེད་སྤུར་སོང་རྙེད་པ་ཟེར་ན་དེ་ག་ཙམ།།
འདུ་འབྲལ་སོར་མོས་གསེད་བཀྲོལ་བྱས་སོང་མིག་ཆུའི་སྣོན་མ་དེ་ཙམ་བྱུང་།།
ཆོ་མེད་ལས་ཀྱིས་ཀུ་རེ་རྩེས་སོང་ཐོབ་ཤོར་ཟློས་གར་ཡང་སྙིང་ཅི།།
ད་ནི་ཚེ་མཇུག་ངལ་གསོའི་གནས་མལ་ཁྱེད་ལས་མེད་དོ་སེམས་རྟེན་ཀྱེ།།
སྲོད་ཞོགས་མཚམས་སྤྲིན་རྒྱན་དུ་ཀླུབ་པའི་ཐག་རིང་རི་ཚོམ་མིག་སྔར་བསྟར།།
ལྷ་ལམ་སྔོན་མོ་འགྲོས་ཀྱིས་བཅད་པའི་བྱ་ཁྱུའི་འཕུར་སྐྱོད་སེམས་ལ་ཐོགས།།
བསམ་གཞིག་སྟོང་པའི་ནང་ཁྲོལ་བསྔོགས་ཏེ་ཁྱེད་ཀྱི་རེག་བྱ་ཨེ་ཚོར་སྙམ།།
ཕྱི་ནང་གཉིས་ནས་ཁྱེད་ཉིད་བཙལ་ཡོད་ང་ཡི་སེམས་ཀྱི་གཏད་སོ་ལགས།།
ས་ཆེན་སྒལ་གཞུང་སྟ་གྲིས་བཅད་དེ་འདོད་རྔམས་མཆེ་བ་ཁྲག་གིས་བརྫིས།།
བརྩེ་བའི་ཉི་ཟླ་ཐང་ལ་ཕབ་སྟེ་སྡང་ཟུག་མེ་སྟག་དགུང་དུ་མཆེད།།
གནས་ཡུལ་འདི་ལ་འཇིག་རྟེན་ཟེར་རམ་ཞི་བདེའི་སེམས་ཀྱིས་རྙེད་པ་མ།།
བྲོས་བྱོལ་མཐའ་ལ་ཡོད་ཚད་བསྐྱུར་ཏེ་ཁྱེད་ཉིད་ཁོ་ནར་འགྲོག་པར་འདོད།།
སྲང་གི་ཁྱི་ལྡོམ་གྲོང་མཐར་གྱར་བའི་ལས་དབང་སྐྱུར་མོ་ཨེ་མཁྱེན་ནམ།།
གསེར་དངུལ་ཕྲག་པའི་ཁུར་པོར་གྱུར་བའི་ཕྱུག་པོ་ཁེར་རྐྱང་མ་མཐོང་ངམ།།
དོན་དམ་བརྩེ་བའི་ཐོབ་ཆ་མེད་ན་མི་ནི་དབུལ་ཕོངས་བདག་མེད་ཡིན།།
ཆ་མེད་འཇིག་རྟེན་ཉུལ་ཉུལ་མཐའ་ལ་སེམས་ཀྱི་ལོག་མལ་ཁྱེད་ཡིན་དགོས།།
སྐྱེས་ཤིང་འཆི་བའི་གོ་རིམ་འདི་ལ་འཁང་ར་མེད་དོ་སེམས་སོང་ལགས།།
གཞོན་ནས་རྒས་པའི་ངང་ཚུལ་འདི་ལ་སྡུག་བསྔལ་ཅི་ཞིག་དགོས་པ་གང་།།
གསོན་ཞིང་བདེ་བའི་དུས་ཚོད་ནང་དུ་ཁྱེད་ཉིད་དྲན་ཞིང་ཁྱེད་ལ་དུངས།།
ང་ཡིས་མི་ཚེ་རྙེད་པ་འདུག་གོ་སེམས་སུ་འཕྲོས་པའི་འོད་ཟེར་ལགས།།
༼ ཞོགས་རྫ་རྔ། ༽