སྤྱི་ཟླ10པའི་ཚེས16ཉིན། འབའ་ཐང་རྫོང་གི2025ལོའི་ཞིང་འབྲོག་པའི་སྲོལ་རྒྱུན་ལག་རྩལ་འགྲན་སྡུར་སྐབས་གསུམ་པ་འབའ་ཐང་རྫོང་ཀྲུང་ཧྲན་ཐང་ཆེན་དུ་སྤེལ་བ་རེད།
ད་ཐེངས་ཀྱི་འགྲན་སྡུར་སྤེལ་ཡུན་ཉིན་བདུན་ཡིན་ལ། འགྲན་སྡུར་ཁྲོད་ཤིང་བཟོ་དང་འཁེལ་འཐག། བོད་ལུགས་ཚོན་རིས། འཚེམ་དྲུབ། འཇིམ་བཟོ་རྡོ་བརྐོས་བཅས་རྣམ་གྲངས་ཕུན་སུམ་ཚོགས་པས་ཡུལ་སྐོར་བ་དང་གྲོང་མི་ཚོས་འགྲན་སྡུར་བྱ་ཡུལ་དུ་འཚང་ཁ་ཤིག་ཤིག་གིས་ལྟད་མོ་ལྟ་ཞོར་ཐོན་རྫས་ཉོ་བར་བྲེལ།
ཤེས་རྟོགས་བྱུང་བར་གཞིགས་ན། ལག་རྩལ་འགྲན་སྡུར་གྱི་རྣམ་གྲངས་རེ་རེར་ཨང་དང་པོ་གཅིག་སྟེ་བྱ་དགའ་སྒོར10000དང་། ཨང་གཉིས་པ་གཉིས་སྟེ་རེ་རེར་བྱ་དགའ་སྒོར4000དང་། ཨང་གསུམ་པ་གསུམ་སྟེ་རེ་རེར་བྱ་དགའ་སྒོར1500དང་། དེ་བཞིན་སྙིང་སྟོབས་ཅན་གྱི་ལག་རྩལ་པ་གཉིས་ལ་བྱ་དགའ་སྒོར500བཅས་བཀོད་སྒྲིག་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། འབའ་ཐང་གི་དམངས་ཁྲོད་ལག་རྩལ་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད་ཅིང་། འགྲན་སྡུར་ཆེན་མོ་ཐེངས་གཉིས་སྤེལ་བ་དང་ལོ་གཉིས་རིང་ལག་ལེན་དང་ཚོད་ལྟ་བྱས་པ་བརྒྱུད། མིག་སྔར་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ17ནས་ཡོང་བའི་ཡུལ་སྡེའི་ལག་རྩལ་པ209ཡི་འབད་བརྩོན་འོག། འབའ་ཐང་གི་དམངས་ཁྲོད་ལག་རྩལ་འཕེལ་རྒྱས་མཐུན་ཚོགས་དང་ཁྱིམ་ཚང་བཟོ་ཁང9། འབའ་ཐང་དམངས་ཁྲོད་ལག་རྩལ་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཅས་བཙུགས་ཡོད། ད་དུང་འབའ་ཐང་དམངས་ཁྲོད་ལག་རྩལ་གྱི་དྲྭ་ཚོང་ཁང་བཙུགས་ནས་དྲྭ་ཐོག་དང་དྲྭ་ཕྱི་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བསྐུལ་ནས་ལག་རྩལ་ཐོན་རྫས100ལྷག་ཞིབ་འཇུག་གསར་སྤེལ་བྱས་ཏེ་ཁྲོམ་རར་བཏོན་ཡོད།
དམངས་ཁྲོད་ལག་རྩལ་འགྲན་སྡུར་དེ་ས་གནས་དེ་གའི་རིག་གནས་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཅིང་། མཐོ་སྒང་སྡེ་ཁུལ་གྱི་དམངས་ཁྲོད་ལག་རྩལ་པས་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་བྱས་ཏེ་མཉམ་དུ་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།།
( འབའ་ཐང་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས།)