国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བུ་མོ། དགོངས་པ་མ་ཚོམ།

དོ་ནུབ་ཆུ་འཛིན་དཀར་པོའི་བགྲོད་ལམ་དུ།།

སྤྲིན་གྱི་འགྱུ་བ་མི་མངོན་དབྱིངས་སུ་ཐིམ།།

བདག་སེམས་ཤིན་ཏུ་འདྲེས་སའི་བླ་མའི་ཞལ།།

ཧ་ཅང་བརྩེ་བའི་ཚུལ་གྱིས་ཝ་ལེར་གསལ།།

ཧ་ལོའི་མེ་ཏོག་རྩྭ་ཐང་འཁྲིས་སུ་བཞད།།

དུང་སེམས་འདབ་མ་གཡོ་བའི་ངང་ཚུལ་སྟོན།།

མི་སེམས་ལྡུམ་རའི་ཚལ་གྱི་མེ་ཏོག་དེའི།།

འདས་སོང་བརྩེ་བའི་སྣང་བརྙན་ཡིད་ལ་བསླངས།།

མཛའ་བརྩེའི་རྨུ་ཐག་སྦྲེལ་བའི་ངང་ཆུང་གཉིས།།

ཤིན་ཏུ་བརྩེ་བའི་སེམས་འདུན་དྭངས་མོ་ཡིས།།

ལྗང་མདོག་མཚོ་མོའི་རྦ་རླབས་བརྩེ་བས་བསྐྱོམས།།

འདི་ཡི་གཏམ་རྒྱུད་ཕན་ཚུན་སེམས་སུ་ཉར།།

ལྷད་མེད་སེམས་ཀྱི་གཏིང་མཐའ་གང་ཞིག་ཏུ།།

མཛའ་བརྩེའི་རི་མོ་ཚོན་གྱིས་རིས་སུ་སྡེབ།།

རྨི་ལམ་དྲན་པ་མནར་བའི་གདུང་བ་རྣམས།།

མལ་སར་ལྷུང་བའི་ཟླ་བའི་འོད་ཀྱང་སྨྲེང་།།

ཕན་ཚུན་གཞོན་ནུའི་བཟོ་ལྟ་མ་འགྱུར་བ།།

ཧ་ཅང་ལྷད་མེད་ཁོ་ནས་སེམས་གཤིས་དེས།།

རྒྱུས་མེད་རི་སྡེའི་འཁྲིས་ཀྱི་ཆ་མེད་གཉིས།།

ལས་སྐལ་ལྷན་གཅིག་བསགས་པ་ཡོད་དམ་ཅི།།

མི་ཚོགས་ཁྲི་མ་འབུམ་གྱི་འཚང་ཁའི་ཁྲོད།།

བརྩེ་བའི་མིག་ཟུང་ཕན་ཚུན་འཁྲིས་སུ་འབབ།།

གཏན་དུ་ལས་སྐལ་མེད་པའི་མེ་ཏོག་ཅིག།

ཅིའི་ཕྱིར་བདག་སེམས་ཁོ་ནའི་གཏེར་དུ་སྦས།།

ཁྱོད་ཐུགས་བརྩེ་བའི་དབུ་མནའ་བཞེས་པ་ཡིས།།

བདག་སེམས་བརྩེ་བའི་རྦ་རླབས་དྲག་ཏུ་འཕྱོ།།

མཐའ་མེད་རྒྱ་མཚོར་བསྐྱལ་བའི་གསེར་ཉ་བཞིན།།

ལས་སྐལ་ལྷན་ཅིག་མེད་པ་གདུང་སྙམ་སྐྱེས།།

རྩྭ་ཐང་མེ་ཏོག་ཡངས་བའི་སྤང་ལ་བཞད།།

གཡུ་སྦྲང་རྩེད་འཇོའི་གར་ལ་རོལ་ན་ཡང་།།

མི་འགྱུར་ང་ཡི་ཧ་ལོའི་མེ་ཏོག་དེ།།

ཅི་འདྲའི་བརྟན་ཚུགས་ཆེ་བས་སྙིང་ལ་ཉེ།།

སྒེའུ་ཁུང་ཕྱི་རོལ་ཁ་བའི་འདབ་མ་ཐོར།།

རི་ལུང་ཐང་གསུམ་དངུལ་དཀར་ལྭ་བས་གཡོགས།།

གཅིག་པུར་འདི་ན་ལུས་པའི་བདག་སེམས་ཀྱིས།།

ཡིད་མཐུན་བྱམས་པ་དྲན་པའི་རྟེན་དུ་བསྒོམས།།

ཡིད་ཆུང་བརྩེ་བའི་མེ་ལོང་དྭངས་མ་རུ།།

གྱེས་ཁའི་བརྩེ་བའི་མིག་མཐའ་མཆི་མ་འཁོར།།

འདུས་མཐར་བྲལ་བའི་ཆོས་ཉིད་སུ་ཡིས་རྒོལ།།

ད་ནི་རང་སར་བརྩེ་བའི་གདུང་བཞིན་གྱེས།།

ལྷད་མེད་སེམས་གཤིས་དྭངས་པའི་ན་ཆུང་མ།།

ལས་སྐལ་སོ་སོར་བསྐོས་པའི་སྣང་བརྙན་འདི།།

ཡིད་གདུང་མཆི་མ་བཀུ་ཡང་མི་ཕན་པས།།

ཕན་ཚུན་བརྩེ་བཞིན་གྱེས་དང་ན་ཆུང་མ།།

མ་བཅོས་རང་གཤིས་འཇམ་པའི་ཚུགས་ཀ་དང་།།

བཅོས་མའི་བརྩེ་དགོད་གཡེང་བའི་རྣམ་པ་ཡིས།།

བདག་སེམས་དུང་བའི་བག་ཆགས་ཡང་ཡང་བཞག།

འདང་བརྩེའི་འདུན་མ་ཉིས་ཁྲི་ཆིག་སྟོང་བསགས།།

ལས་འཕྲོ་ལྷན་འཛོམས་མེད་པའི་གྲུ་ཁ་རུ།།

ཕན་ཚུན་སྙིང་ལ་བརྩེ་བའི་སྒྲུང་གཏམ་འཆད།།

བུ་མོ་པད་སྒྲོན་རྒ་འགྱའི་སྐར་མ་སོགས།།

ཕལ་ཆེར་ལས་སྐལ་མཐུན་པའི་སྣང་བ་བསྐྱེད།།

ཁྱེད་ཀྱི་གཤིས་འཇམ་སྨྲ་བ་ཉུང་ལུགས་དང་།།

གཏན་ཚིགས་སྙིང་ལ་སྦས་པའི་དམ་བཅའ་ཡིས།།

བདག་ཡིད་མཆི་མ་བཀུ་བའི་སྨྲེང་བ་འཐེན།།

ལས་སྐལ་སོ་སོར་བསྐོས་པ་སུ་ཡིས་ལན།།

ལས་སྐལ་སོ་སོར་བསྐོས་པའི་ངང་ཆུང་གཉིས།།

བརྩེ་བའི་མིག་ཟུང་ཕན་ཚུན་རྗེས་སུ་བསྙེགས།།

འཇིག་རྟེན་གཅིག་ལ་གནས་པའི་ལས་སྐལ་ཡང་།།

ཧ་ཅང་བསོད་ནམས་ཆེ་བའི་ཚད་དུ་བསྒོམས།།

འདི་ན་བརྩེ་བའི་གདུང་བཞིན་བྲལ་བ་ཡང་།།

མི་སེམས་མི་ལ་ཟུག་པའི་གཏམ་རྒྱུད་དེ།།

ཤིན་ཏུ་སྙི་བའི་སེམས་པ་དྭངས་མོ་གཉིས།།

ལས་སྐལ་སོ་སོར་བསྐོས་པ་སུ་ཡིས་བཟློག།

བརྩེ་བའི་ངག་ལན་མཆི་མས་བརླན་པ་དེ།།

གཤིན་རྗེས་མཐོང་ན་བརྩེ་བའི་སྤྱན་ཟུང་གཡོ།།

འདི་ན་ཨ་ལན་མེད་པའི་ལས་སྐལ་དེ།།

བུ་མོ་ཐུགས་སྐྱོ་མ་མཛད་དགའ་བར་གྱིས།།

ལྷད་མེད་སྙིང་ལ་སྦས་པའི་གཏན་ཚིགས་དེ།།

གཏན་དུ་ཡལ་མེད་སེམས་ཀྱིས་བརྩེ་ན་ཡང་།།

བརྩེ་བའི་ལས་སྐལ་སྤྱོད་པའི་འཕེན་པ་རྫོགས།།

སྐྱོ་སྐྱོ་མ་གནང་ཡིད་མཐུན་མཛའ་ན་མོ།།

དང་པོ་སྐྱེ་དུས་རང་ཉིད་གཅིག་པུར་སྐྱེས།།

བར་དུ་རྒས་པའི་གཉེར་མ་གཅིག་པུས་བསགས།།

ཐ་མ་འཆི་བའི་ཉིན་མོར་གཅིག་པུ་སྟེ།།

བརྩེ་བའི་བྱམས་པ་འཁྲིས་སུ་བཞག་ལ་ལྟོས།།

འཁྲུལ་རྟོག་སྒྱུ་མའི་རྨི་ལམ་མ་རྫོགས་པར།།

ངས་ནི་ཀུན་བཏགས་སྒྱུ་མ་བདེན་པར་བཟུང་།།

མཛའ་བརྩེའི་མེ་ཏོག་དྲན་པའི་ཐོང་གར་བཞད།།

དེ་ཡང་དུང་སེམས་སྒྱུ་མའི་མཛའ་བརྩེ་བརྐོས།།

སེམས་དང་སེམས་ཀྱི་བརྩེ་བ་འདྲེས་མཚམས་སུ།།

འོད་གསལ་ཀུན་ཏུ་བཟང་པོའི་དགོངས་པ་སྦྲེལ།།

མཐའ་ཐུག་ཡིད་མཁའི་ངོས་ཀྱི་མཚོ་བྱུང་མ།།

སྣང་སྲིད་ཀུན་ཏུ་བཟང་པོའི་རྒྱལ་སར་སྤྱོད།།

༼ ཚུལ་མཁས། ༽