ཕ་མ་ནི་གནམ་ས་གཉིས་ཀྱི་བར་ན་རང་ཉིད་ལ་ཆེས་གློ་བ་ཉེ་ཞིང་།བུ་ཕྲུག་གི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པའི་འཇིག་རྟེན་གྱི་བྱང་ཆུབ་སེམས་དཔའ་ངོ་མ་དེ་རེད།ང་ཚོ་རྐང་གཉིས་མི་ཞིག་ཡིན་ཚེ་ཕ་མ་གཉིས་ལ་མ་བརྟེན་པར་གནམ་ནས་ལྷུང་ཡོང་བ་ཞིག་དང་ས་ནས་སྐྱེས་ཡོང་བ་ཞིག་ཡིན་མི་སྲིད།ཡོད་ཚད་ལུས་ཀྱི་དབང་གིས་སྔོན་མའི་རྣམ་ཤེས་ཏེ་ཕ་མའི་ཁུ་ཁྲག་ཏུ་ཞུགས་ནས་རིམ་བཞིན་ཟླ་དགུ་ཞག་བཅུའི་དུས་ཡུན་ཁྲོད་མེར་མེར་རམ་ནར་ནར་གྱི་གཟུགས་དང་ཕྱི་ནང་གི་གཟུགས་གཉིས་ཀྱི་སྐྱེ་མཆེད་སོགས་གྲུབ་རྗེས་དངོས་སུ་ཨ་མའི་མངལ་ལམ་བརྒྱུད་ནས་འཇིག་རྟེན་མི་ཡུལ་དུ་སྐྱེ་ཡོང་བ་ཞིག་རེད།དེའི་ཚེ་ཕ་མས་གོས་ཀྱི་ཐོག་མ་རང་ལུས་ཀྱི་ཤ་དྲོད་ཕུལ་ཅིང་།ལུས་ཀྱི་ཟུངས་བཅུད་དྭངས་མ་འཚོ་བའི་རྒྱགས་ཕྱེ་རུ་སྩོལ་བཞིན་ཡོད།
ཕ་མ་གཉིས་ཀྱིས་སེན་འགོ་ཁྲག་དང་སེན་རྩ་རྣག་བྱས་ནས་དཀའ་བ་བརྒྱ་ཕྲག་ཁུར་དུ་བླངས་ཤིང་།སྡུག་བསྔལ་དང་གདུང་བ་མང་པོ་ཞིག་ལ་གདོང་གཏད་ནས་བཟོད་བསྲན་དང་རྒྱུན་འཁྱོངས་ཀྱིས་རྒོལ་ལན་སྤྲོད་ཞོར་བུ་ཕྲུག་ཚོ་མཐོ་གང་དེ་འདོམ་གང་དུ་བཏང་བ་རེད།དུས་ཡུན་ངེས་ཅན་ཞིག་འགོར་རྗེས་བསམ་བློ་དང་ལུས་ཀྱི་ཆ་ཅུང་ཙམ་རྒྱས་སྐབས་བུ་ཕྲུག་ནི་ཕ་མ་དང་ཁ་བྲལ་ནས་སློབ་གྲྭར་འགྲོ་རན་སོང་བ་རེད།གནའ་སྔ་མོ་ལྟར་ན་སློབ་གྲྭ་འགྲོ་བའི་མཐུན་རྐྱེན་མེད་པ་དང་རིག་གནས་ཀྱི་རིན་ཐང་སོགས་མ་རྟོགས་ནས་ཕལ་ཆེ་བ་ཡིག་རྨོངས་པ་བྱས་ནས་ཕ་མར་ལས་ཀ་ལས་རོགས་བྱེད་སྲིད།ཆེས་མ་མཐའ་ཡང་ཕ་མར་འགན་འཁྲི་ཏོག་ཙམ་ཇེ་ཡང་དུ་གཏོང་བ་རེད།ད་ལྟ་སློབ་གྲྭར་མ་སོང་ན་དེང་རབས་ཀྱི་རྗེས་མི་ཆོད་ལ་ཕ་མ་ཚོས་རང་གི་བུ་ཕྲུག་རྨོངས་མུན་གྱིས་བཏིབས་པའི་ཁོར་ཡུག་གམ་རྗེས་སུ་བག་ལ་ཉལ་བར་མ་བརྩོན་ནས་བུ་ཕྲུག་སློབ་གྲྭར་བཏང་།བུ་ཕྲུག་ཚོས་གནའ་སྔ་མོ་ལྟར་ཕ་མར་རོགས་བྱེད་པ་ཕར་ཞོག། དེའི་སྟེང་ལ་ཕ་མར་སྒོ་གསུམ་གྱི་དཀའ་ཚེགས་མང་པོ་ཞིག་ཁ་སྣོན་བྱས་པ་རེད།དེ་ཡང་སློབ་གྲྭར་བསྐྱལ་བ་ཙམ་གྱི་ཆོག་མེད་ལ།ཁ་ལ་ཟས་དང་རྒྱབ་ལ་གོས།ཟས་དེ་ཡང་མར་ཆུར་དང་རྩམ་པ་ཙམ་གྱིས་མི་ཆོག་ལ།དུས་རབས་ཀྱི་འཕེལ་འགྱུར་དང་ཚན་རིག་གི་ལག་རྩལ་ལས་སྡེབ་སྦྱོར་བྱས་པའི་མངར་སྐྱུར་ཁ་ཚ་སོགས་རོ་འདྲ་མིན་གྱི་ཟས་རིགས་སྣ་མང་ལ་ཟ་འདོད་སྐྱེ་བ་དང་།གད་སྙིགས་ཀྱི་ཟས་རིགས་དེ་དག་ལས་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་ལ་ཡང་བདེ་ཐང་མ་ཡིན་པའི་ནད་ངན་ལོན་ཚེ་ལྷ་རྗེ་ལ་བརྟེན་པའི་སྨན་རིན་མཐའ་དག། གྱོན་པ་ཡང་རྟགས་མ་དང་རིན་གོང་མཐོན་པོ་དགོས་པར་བསམ་པའི་འདོད་སྲེད་ཅན་ཚོས་ཁྱིམ་ཚང་དང་རང་གི་གནས་བབ་ཀྱི་ཆ་རྐྱེན་ལ་འདང་སྤུ་ཙམ་ཡང་མི་རྒྱག་པར་ཡོད་ཚད་ཡག་པོ་དང་མཐོན་པོ་ཞིག་ལ་ལག་སྲིང་བཞིན་པའི་བུ་ཕྲུག་འདི་དག་གིས་གཞན་ལས་ལྷག་པའི་ཕ་མ་ལ་ཁུར་པོ་ཁ་སྣོན་བྱེད་པ་རེད།ད་དུང་བུ་ཚོས་ཁ་ལ་ཟས་ལས་གཞན་དུ་བའམ་ཆང་སོགས་སློབ་མ་ཞིག་ལ་མི་འཚམ་པའི་བག་མེད་ཀྱི་བྱ་སྤྱོད་ལ་ལོངས་སུ་སྤྱད་པ་དང་།བུ་མོ་ཚོས་ངོ་སྣུམ་འདྲ་མིན་དང་བྱུགས་རྫས་སྣ་མང་གིས་གདོང་དམར་བོད་ཀྱི་མཛེས་མའི་ཆ་བྱད་མཐའ་དག་ལུས་ཀྱི་བཅུད་ཟུངས་ཟད་པའི་སྐྱ་ཐང་ཐང་གི་གདོང་འབག་དག་ཞལ་ལ་སྤྲས་བཞིན་གདའ།སློབ་གྲོགས་ཚོ་ཁྱོད་ཚོས་འཛད་མེད་དུ་སྤྱོད་བཞིན་པའི་སྒོར་མོ་འདི་དག་གི་ཡོང་ཁུངས་དང་རྒྱབ་ལྗོངས་གང་འདྲ་ཞིག་ལས་བྱུང་བ་དང་།དེ་ལས་ཀྱང་ཤེས་དགོས་པ་ཞིག་ནི་སྒོར་མོ་འདི་གང་ཞིག་གི་མཐུན་རྐྱེན་དང་འཚོ་དངུལ་དུ་བསྐུར་བ་ཡིན་པ་རྟོགས་སམ།དོན་དག་མང་པོ་ཞིག་ལ་མནོ་བསམ་མི་གཏོང་བར་འཛེམ་མེད་དུ་ལོངས་སུ་སྤྱད་པར་ངོ་མི་ཚའམ།མི་སྐྲག་གམ་ལས་རྒྱུ་འབྲས་འདིས་ཁྱོད་རང་འཚོས་ནས་ཡོད།ཐ་ན་སེམས་མི་བདེ་བའི་དོགས་སྣང་ཙམ་ཡང་སྣང་བར་མི་ཡོང་ངམ།དེ་ལས་ཀྱང་ཚབ་ཆེ་བ་ཞིག་ཡོད་པ་ནི་མི་རིགས་གཞན་པའི་དུས་སྲོལ་འདྲ་མིན་གྱི་རྗེས་ལ་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་ལད་ཟློས་བྱེད་པ།སྤྱིར་ཟེར་སྲོལ་ལ་བྱ་བ་ཐམས་ཅད་ལད་མོ་ཡིན།ལད་མོ་ནང་གི་གང་མཁས་ཡིན་ཞེས་བཤད་སྲོལ་ཡོད་པ་བདེན་ཡང་།ཁྱོད་ཀྱིས་བྱ་བའམ་དངོས་པོ།བསམ་བློ་སོགས་གང་ཡིན་ཡང་དེའི་ལེགས་ཆའམ་བཟང་ཆ་ལ་ལད་ཟློས་དང་རྗེས་སུ་ཡི་རང་བྱེད་དགོས་པ་ལས།དེ་ལས་བཟློག་སྟེ་ངན་ཕྱོགས་ལ་ལད་མོ་བྱེད་དགོས་པ་ག་ལ་ཡིན།ཡིན་ཡང་མི་རིགས་གཞན་གྱིས་དུས་ཆེན་ལ་ངོས་བཟུང་ཡོད་པ་རེད།བོད་ཀྱི་སློབ་མ་ཚོ་དེའི་སྲོལ་ལ་མཚར་སྣང་དང་ཡག་པོར་སྣང་ནས་ཞུགས་ཏེ་མ་རིག་པའི་མུན་པར་བཏིབས་ནས་སྡིག་པའི་ལས་བྱེད།དེ་དང་ཆ་འདྲ་གཞན་གྱི་དུས་ཆེན་སྣ་མང་ལ་ཞུགས་ནས་སྒོར་མོའི་འགྲོ་གྲོན་མི་ཉུང་བ་ཞིག་གཏོང་བཞིན་ཡོད་པ་དང་བཅའ་དངོས་མང་པོ་ཉོས་ནས་གྲོགས་པོ་ཚོ་ལ་འགྱེད་རྒྱག་པ།ཐ་ན་རང་ཁ་མི་སོས་མཁན་ཞིག་གིས་གཞན་པ་གསོ་བའི་སྒོར་མོ་ཞིག་གང་ན་ཡོད།སྒོར་མོ་འདི་དག་མི་ཟད་པའི་གཏེར་མཛོད་ལས་བླངས་ཡོང་བ་ཞིག་མ་ཡིན་ལ།ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་ལས་གྲུབ་པའི་བཀའ་དྲིན་གཞལ་ཐབས་བྲལ་བའི་ཕ་མ་གཉིས་ཀྱི་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་རང་གི་ངལ་རྩོལ་གྱི་རྔུལ་ཆུ་རེ་རེདངུལ་སྒོར་དང་བརྗེས་ནས།རང་གི་གོས་ཡག་པོ་ཞིག་དང་ཟས་ཞིམ་པོ་ཞིག་ཟ་མི་བྲ་ནས་ཁྱོད་ཀྱི་འཚོ་བའི་མཐུན་རྐྱེན་དུ་གནང་བ་རེད།དེ་ཡང་རང་གི་མི་སྤྱོད་པར་གཞན་ལ་འགྱེད་གཏོང་བ་ནི་ཐ་ཤལ་གྱི་བྱ་བ་ཞིག་ལས་མ་འདས་སོ།།
མདོར་ན་སློབ་གྲྭར་འཚོ་བ་སྐྱེལ་བཞིན་པའི་སློབ་གྲོགས་རྣམ་པ་སྒོར་མོ་ཟེར་བ་དེ་ལས་སླ་མོའི་ངང་ནས་ལག་ཏུ་འབྱོར་ཡོང་བ་ཞིག་མ་རེད།དེ་ནི་ཕ་མ་འབྲོག་པའམ་རོང་བ་ལས་བྱེད་པ།གང་ཞིག་ཡིན་ཡང་རྩོལ་མེད་དུ་ཕ་མའི་ལག་ཏུ་སླེབས་ཡོང་བ་ཞིག་མི་སྲིད།ཚང་མས་དུས་བཞིའི་འགྱུར་ལྡོག་གི་ནམ་ཟླ་འདྲ་མིན་ལས་བསྐྱེད་པའི་དཀའ་ཁག་ཡོད་ཚད་ལ་གདོང་གཏད་ནས་ཤ་ཟད་རུས་ལ་ཐུག་ཀྱང་སྙིང་སྟོབས་ཀྱི་དར་ཆ་དགུང་ལ་ཕྱར་ནས་བུ་ཕྲུག་ཚོའི་དོན་དུ་ཡོད་ཚད་འབུལ་བཞིན་ཡོད།ཆར་ཆུའི་གྲང་རླུང་གི་ཁྲོད་ནས་ས་རྐོ་རྡོ་སློག་དང་བྱ་བའི་བྲེལ་འཚུབ་ལས་རྙེད་ཡོང་བའི་སྒོར་མོ་འདི་དག་ཀྱང་ཁྱོད་གཅིག་པོ་ལ་བྱིན་ན་ག་ལ་ཆོག། ཁྱིམ་ན་ཡོད་པའི་ཁྱིམ་མི་རྣམས་ཀྱི་ལྟོ་རྒྱབ་དང་།དགའ་གཉེན་ཉེ་ཁྱིམ་མཚེས་རུ་སྐོར་མཐའ་དག་ལ་ཡང་སྐྱིད་སྡུག་འདྲ་མིན་ལ་ལྟ་བྱེད་སོགས་མང་པོ་ཞིག་ལ་བཀོལ་དགོས་རྐྱེན།ཕ་མས་སྙིང་ནས་གཅེས་པའི་བུ་ཕྲུག་ཚོས་བསམ་ཤེས་ཅུང་ཙམ་བྱེད་པ་གལ་ཆེན་ནང་གི་གཙོ་ཆེན་རེད།།
༼ སྨུག་བློ། ༽