国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲོང་ལིའུ་ཆུས་དང་འབའ་ཐང་རྫོང་གིས་ལག་གདང་སྦྲེལ་ནས་རྒྱལ་ལམ318པའི་རིག་གནས་ཡུལ་སྐོར་གྱི་ས་རྟགས་གསར་དུ་བསྐྲུན།

ན་ཆུང་སྟེང་མང་ཚོགས་རིག་གནས་གླིང་ག།

དཀར་མཛེས་ཁུལ་གྱི་རང་བྱུང་ཁམས་ཆེན་མོར་གསེར་མདོག་གི་གཟབ་མཆོར་སྤྲས་པ་དང་། འབའ་ཐང་རྫོང་ན་ཆུང་སྟེང་དུ་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ཞབས་བྲོ་འཁྲབ་བཞིན་འདུག། སྤྱི་ཟླ9པའི་ཚེས22ཉིན། ལོ་གཅིག་གི་བོད་རིགས་ཀྱི་སྲོལ་རྒྱུན་འདུ་ཚོགས་དབྱར་གནས་ལ་འབའ་གཞས་འཁྲབ་པ་དང་། ཆང་གཞས་དང་གནས་མོ། ལ་གླུ་ལེན་པ། ཁ་ཤགས་རྩེ་བ་སོགས་ཀྱི་བྱ་འགུལ་སྣ་མང་སྤེལ་ཏེ་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། འདུ་ཚོགས་དེ་ནི་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་ཞིག་ཡིན་པར་མ་ཟད། ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་དང་དཀར་མཛེས་ཁུལ་འབའ་ཐང་རྫོང་གི་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་པ་རེད།

ང་རང་ཐེངས་དང་པོ་འབའ་ཐང་དུ་ཡོང་བ་ཡིན་ལ་དབྱར་གནས་འདུ་ཚོགས་སུ་ཞུགས་ཐེངས་དང་པོ་ཡང་ཡིན། ཡུལ་དངོས་ཀྱི་སྣང་ཚུལ་ཧ་ཅང་ཡག་པོ་འདུག། ས་གནས་དེ་གའི་མི་རྣམས་ཀྱིས་སྤྲོ་སེམས་རབ་ཏུ་ཆེ་ཞེས་གསེར་ཐར་ནས་ཡོང་བའི་ཡུལ་སྐོར་བ་བཀྲ་ཤིས་ཆོས་མཚོས་དེ་ལྟར་བཤད་པ་རེད། འདུ་ལོང་ཆེ་བའི་ཡུལ་ལྗོངས་དེའི་རྒྱབ་ཏུ་ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་དང་དཀར་མཛེས་ཁུལ་འབའ་ཐང་རྫོང་གཉིས་ཀྱི་བརྩེ་དུང་ཟབ་མོ་འཁྱིལ་ཡོད་ལ། ཁ་གཏད་རོགས་སྐྱོར་ཀྱི་ལས་དོན་ལས་བྱུང་བའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འབྲས་བུ་གཡུར་ཟ་ཡང་མངོན་ཡོད།

ལྷ་མོ་ཟློས་གར་དང་ཡུལ་སྐོར་སྦྲེལ་ཏེ་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་རྒྱས།

དབྱར་གནས་འདུ་ཚོགས་ནི་འབའ་ཐང་མི་སེར་གྱིས་དབྱར་སྐྱེལ་སྟོན་བསུ་བའི་སྲོལ་རྒྱུན་དུས་སྟོན་གལ་ཆེན་ཞིག་ཡིན། ད་ལོར་སྔར་དང་མི་འདྲ་ས་ནི་རྟེན་འབྲེལ་བྱེད་སྒོ་དེ་ཧྲོང་ལིའུ་ཆུས་ཀྱིས་བསྐྲུན་པའི་གར་སྟེགས་གསར་པ་སྟེ་ན་ཆུང་སྟེང་གི་མང་ཚོགས་རིག་གནས་གླིང་གར་སྤེལ་བ་རེད།

ན་ཆུང་སྟེང་མང་ཚོགས་རིག་གནས་གླིང་གར་ས་ཁྱོན་མུའུ54.18ཡོད་པ་དང་མ་དངུལ་བསྡོམས་འབོར་སྒོར་ཁྲི2040བཏང་ཡོད། དེ་ནི་ཧྲོང་ལིའུ་ཆུས་ཀྱི་རོགས་སྐྱོར་རྣམ་གྲངས་གཙོ་བོ་ཡིན་པ་རེད། བོད་ཟས་ཁང་དང་བོད་ཀྱི་ཇ་སྟོན་མགྲོན་ཁང་གྲལ་བསྟར་འགྲིག་པ་དང་། འཁྲབ་སྟོན་ར་བ་རྒྱ་ཆེ་ཞིང་མཛེས་པོ་ཡིན་ལ། ས་འོག་སྦུག་ལམ་དྲ་བ་དང་ལྗང་མདོག་ལས་གྲྭ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་པ་དང་། དེ་གར་གདོད་མའི་རྣམ་པ་སོར་འཇོག་བྱས་ཡོད་ལ་དེང་རབས་ཀྱི་སྤྲོ་གསེང་བྱེད་ནུས་ཡང་ལྡན་ཡོད་པ་རེད།

ལས་གཞི་དེས་ལྷ་མོ་ཟློས་གར་དང་ཡུལ་སྐོར་ལ་བསྟུན་ནས་འབའ་ཐང་གི་ལྷ་མོ་ཟློས་གར་དང་པི་ཝང་སོགས་གཟུགས་མེད་རིག་གནས་ཤུལ་བཞག་ལ་གཏན་འཇགས་ཀྱི་འཁྲབ་སྟོན་དང་བརྒྱུད་འཛིན་གྱི་གནས་ཡུལ་མཁོ་འདོན་བྱས་ཡོད། འབའ་ཐང་རྫོང་རིག་གནས་ཁང་གི་འགོ་གཙོ་གཞོན་པ་ཐུབ་བསྟན་གྲགས་པས་ཐུན་མོང་མ་ཡིན་པའི་རིག་གནས་མྱོང་རོལ་དེས་ཡིད་དབང་འགུགས་ནུས་ཆེ་རུ་གཏོང་བ་དང་ཡུལ་སྐོར་བ་སྡོད་པའི་དུས་ཚོད་ཇེ་རིང་དུ་བཏང་བར་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ལ་ཡང་སྐུལ་ཁྲིད་བྱས་ཡོད་ཅེས་བཤད།

རིག་གནས་ཡུལ་སྐོརIPམཉམ་དུ་བསྐུལ་ནས་རྒྱལ་ལམ318པར་ཡུལ་སྐོར་འདུ་ལོང་ཆེ།

ཧྲོང་ལིའུ་ཆུས་དང་འབའ་ཐང་རྫོང་བར་གྱི་མཉམ་ལས་ནི་ལས་གཞི་འཛུགས་སྐྲུན་ཁོ་ན་ཙམ་མིན་ཞིང་། ད་ལོའི་སྤྱི་ཟླ6པར་རྒྱལ་ལམ318ཁྲེང་ཏུའུ་ནས་འགོ་བཙུགས་ཏེ་རིག་གནས་ཡུལ་སྐོརIPལ་བརྟེན་ནས་ཧྲོང་ལིའུ་ཆུས་ཀྱི་འཛད་སྤྱོད་ཐོན་ཁུངས་དང་འབའ་ཐང་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་མཉམ་དུ་བསྐུལ་ཡོད། མགྲོན་ཁང10ལྷག་གིས་འབའ་ཐང་ཁྱད་རྫས་འགྲེམས་སྒྲོམ་དུ་བཞག་ཡོད་པར་མ་ཟད་ད་དུང་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་ཆབས་ཅིག། རྒྱལ་ལམ318པའི་ཚོང་མགྲོན་ཚོགས་པར་དམིགས་ནས་ཡུལ་སྐོར་ལམ་ཐིག་ཞིབ་འཇུག་གསར་སྤེལ་བྱས་པ་དང་། ཡུལ་སྐོར་ལས་དོན་ཁང་བརྒྱུད་ནས་འབའ་ཐང་དུ་ཡུལ་སྐོར་བ་བསྐྱལ་བ་རེད།

ཐོན་ལས་ཀྱིས་རོགས་རམ་བྱས་ནས་མཐོ་སྒང་གི་ཁྱད་རྫས་དང་རིག་གནས་ཡུལ་སྐོར་

རྒྱལ་ཕྱི་ནང་དུ་གྲགས།

དབྱར་གནས་འདུ་ཚོགས་ཀྱི་ཚོང་འདུས་སུ་འབའ་ཐང་ཁྱད་རྫས་ཀྱིས་ལྟད་མོ་བའི་ཡིད་དབང་བཀུག་པ་རེད། ཞིང་འབྲོག་ཁུལ་གྱི་སྦྲང་རྩི་དང་སྟར་ག། བྲ་བོ་སོགས་ཀྱི་ཐོན་རྫས་ཉོ་སྒྲུབ་དང་ལས་སྣོན་བྱས་ཏེ། སྐྱིད་པོ་འབའ་བའི་བསྒྲིགས་རིམ་ཆུང་ཆུང་དང318ཁྲོམ་བཤམ་བྱེད་སྒོ་སོགས་བརྒྱུད་ནས་ཚོང་རར་ཁྱབ་གདལ་བཏང་ཡོད་ཅེས་མུའུ་ལིན་ཀྲུའུ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བ་ཆིའུ་ཧུང་ཅེ་ཡིས་ངོ་སྤྲོད་བྱས་པ་རེད།

རྡོ་གཞུང་གྲོང་རྡལ་ཉི་མོ་ལུང་གྲོང་སྡེའི་སྦྲང་མ་གསོ་སྤེལ་རྟེན་གཞི་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན། 2025ལོར་ཧྲོང་ལིའུ་ཆུས་གྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གིས་རྟེན་གཞིར་སྦྲང་མ་གསོ་སྤེལ2022ལོའི་སྒམ40ནས་སྒམ500ལྷག་མང་དུ་ཕྱིན་ཡོད། འོན་ཀྱང་སྦྲང་རྩིའི་འབྱུང་ཁུངས་ཀྱི་རྩི་ཤིང་མི་འདང་བས་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད་པ་ཤེས་རྟོགས་བྱུང་བ་རེད། ལས་དོན་རུ་ཁག་གིས་མྱུར་དུ་མ་དངུལ་བཏང་ནས་ཆུ་སྦུག་སོགས་སྒྲིག་བཀོད་སྒྲིག་ཆས་ཉོ་སྒྲུབ་བྱས་ནས་མཐོ་སྒང་གི་ཆུ་འདྲེན་གྱི་དཀའ་གནད་བསལ་བར་མ་ཟད། ཡུལ་མི་བསྡུས་ནས་སྦྲང་རྩིའི་འབྱུང་ཁུངས་རྩི་ཤིང་བཙུགས་ནས་སྦྲང་རྩིའི་ཐོན་ཚད་མཐོ་རུ་བཏང་བ་རེད།

ཧྲོང་ལིའུ་དང་འབའ་ཐང་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྒྱུད། འབའ་ཐང་གི་ཞིང་ལས་ཁྱད་རྫས་དེ་སྔའི་ཉུང་ཤས་ཤིག་ནས་ད་ལྟའི་སྣ་མང་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད། ཧྲོང་ལིའུ་ཆུས་ཀྱི་ཁ་གཏད་རོགས་སྐྱོང་ལས་དོན་རུ་ཁག་ཁག་བདུན་པའི་རུ་མི་ཁྲུན་ཡུས་ཏེ་ཡིས་ཡུལ་སྐོར་བས་མཐོ་སྒང་གི་ཡུལ་སྐོར་ཁྱེར་མི་ཐུབ་མོད། འོན་ཀྱང་འབའ་ཐང་གི་ཁྱད་རྫས་ཁྱེར་ཐུབ་པ་རེད་ཅེས་བཤད་པ་རེད།

འབའ་ཐང་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྫོང་དཔོན་གཞོན་པ། ཧྲོང་ལིའུ་ཆུས་ཀྱི་ཁ་གཏད་རོགས་སྐྱོར་འབའ་ཐང་རྫོང་གི་ལས་དོན་རུ་ཁག་ཁག་བདུན་པའི་སྣེ་ཁྲིད་ཁྲེང་ཆི་ཡིས་སླད་ཕྱིན་འབའ་ཐང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་དམིགས་ཏེ། འཆར་འགོད་སྣེ་ཁྲིད་ལ་ཤུགས་བསྣན་ནས་ཧྲོང་ལིའུ་གནས་ཡུལ་གྱི་ལེགས་ཆ་འདོན་སྤེལ་དང་། འབའ་ཐང་རིག་གནས་ཡུལ་སྐོར་ཐོན་ལས་ལ་བློ་རིག་དང་སྟོབས་ཤུགས་བསྣན་ནས་ལས་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་བ་དང་། མཚོ་ཕུ་ལྗོངས་ཁུལ་དང་བྱ་ཁྱུང་གནའ་གྲོང་གི་ཡུལ་སྐོར་སྤྲོ་གསེང་ཁུལ་སོགས་ལས་གཞི་ལེགས་སུ་གཏོང་བ། ཞབས་ཞུའི་སྣེ་ཁྲིད་ལ་ཤུགས་བརྒྱབ་ནས་འབའ་ཐང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏང་དགོས་ཞེས་བཤད་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)