国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉག་ཆུ་འབབ་རྒྱུད་དུ་ཆུ་ཤུགས་གློག་ཁང་ཆེན་མོ་གཉིས་ཀྱི་ཆུ་ལམ་དུས་མཉམ་དུ་བཀག་ཐུབ་ཡོད།

ཉག་ཆུ་འབབ་རྒྱུད་ཀྱི་ཉ་སྐེ་རིམ་པ་དང་པོའི་ཆུ་གློག་ཁང་ལས་ཡུལ་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས།

སྤྱི་ཟླ10ཚེས28ཉིན། དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་ཉག་ཆུའི་མ་རྒྱུན་དུ་གནས་པའི་སྨད་རྟིང་ལུང་དང་ཉ་སྐེ་རིམ་པ་དང་པོའི་ཆུ་ཤུགས་གློག་ཁང་ཆེ་གྲས་གཉིས་ཀྱིས་ཆུ་ཚོད30ཙམ་གྱི་དུས་ཡུན་སྤྱད་དེ་ཆུ་བོ་ཆེན་པོའི་ཆུ་ལམ་བཀག་ཐུབ་ཡོད། དེ་ནི་ཉག་ཆུ་འབབ་རྒྱུད་དུ་ཆུ་ཤུགས་ལས་གྲྭ་ཆེ་གྲས་གཉིས་དུས་མཉམ་དུ་ཆུ་ལམ་བཀག་ཐེངས་དང་པོ་ཡིན། རྡོ་ཧྲུག་རླངས་འཁོར་མཐའ་མ་གང་དེ་ཆུ་རགས་ནང་བླུགས་པ་དང་བསྟུན་ནས་ལང་ལོང་དུ་འཕྱུར་བའི་ཆུ་ཆེན་གྱི་ཆུ་ལམ་བསྒྱུར་ཐུབ་པ་ལས་གློག་ཁང་གཉིས་ཀྱི་ཕྱི་ཁོག་ཨར་ལས་ལས་འགོ་བཙུགས་པའི་དུས་མཚམས་གསར་པར་སླེབས་པ་མཚོན་གྱིན་ཡོད་པ་རེད།

དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་རྫོང་དང་ལིང་ཧྲན་ཁུལ་གྱི་མུ་ལི་རྫོང་གི་འབྲེལ་མཚམས་སུ་གནས་པའི་སྨད་རྟིང་ལུང་ཆུ་གློག་གློག་ཁང་ནི་ཉག་ཆུ་དབུས་རྒྱུད་དུ“ཆུ་མཛོད་གཅིག་དང་རིམ་པ་བདུན”གྱི་གསར་དུ་སྤེལ་བའི་སྐས་རིམ་རིམ་པ་ལྔ་པའི་གློག་འདོན་ཁང་ཞིག་ཡིན་ཞིང་། འཕྲུལ་ཤོང་གློག་ཚད་སྟོང་ཝད་ཁྲི240ཡིན་ཞིང་ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་རེ་ལ་ཏུའུ་དུང་ཕྱུར104ཙམ་ཡིན་ལ། ད་སྔར་ཉག་ཆུ་འབབ་རྒྱུད་དུ་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་ཆུ་གློག་ལས་གཞི་ཆེ་ཤོས་ཤིག་ཡིན། དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་གནས་པའི་ཉ་སྐེ་རིམ་པ་དང་པོའི་ཆུ་ཤུགས་གློག་ཁང་ནི་འབབ་རྒྱུད་དེ་ལ་གསར་སྤེལ་བྱས་པའི་སྐས་རིམ་རིམ་པ་གཉིས་པའི་གློག་ཁང་ཞིག་ཡིན་པ་དང་། འཕྲུལ་ཤོང་གློག་ཚད་སྟོང་ཝད་ཁྲི30ཡིན་ལ་ཆ་སྙོམས་ལོ་རེར་གློག་འདོན་ཚད་ཆུ་ཚོད་རེར་ཏུའུ་དུང་ཕྱུར11.5ཙམ་ཡིན་པ་རེད། གློག་ཁང་དེ་གཉིས་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར360ལས་བརྒལ་བ་གཏང་དགོས་ཤིང་བསྐྲུན་རྗེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི350ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི900ཙམ་བསྐྱུང་ཐུབ་རྒྱུ་རེད།

རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་ཆུ་དང་རླུང་། འོད་བཅས་གཞི་གཅིག་ཅན་གྱི་དཔེ་སྟོན་རྟེན་གཞི་དང་པོ་ཡིན་པའི་ངོས་ནས་ཉག་ཆུ་འབབ་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་སྤྱིའི་འཆར་འགོད་ཀྱི་འཕྲུལ་ཤོང་གློག་ཚད་སྟོང་ཝད་ཁྲི7800ལ་ཟིན་ནས2035ལོར་ཁྱོན་ཡོངས་ནས་བསྐྲུན་ཚར་རྒྱུ་ཡིན་པ་རེད། མིག་སྔར། རྟེན་གཞིའི་ནུས་རྒྱུ་གཙང་མའི་འཕྲུལ་ཤོང་གློག་ཚད་སྟོང་ཝད་ཁྲི2100ཙམ་ཡིན་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་འཕྲུལ་ཤོང་གློག་ཚད་སྟོང་ཝད་ཁྲི1400ཙམ་ཡིན་པས། རིམ་རྩིས་བྱས་ན་གློག་ནུས་གཙང་མ་ཏུའུ་དུང་ཕྱུར་ཁྲི1.1ལས་བརྒལ་ཡོད། ད་ཐེངས་གློག་ཁང་གཉིས་ཀྱི་ཆུ་ལམ་དུས་མཉམ་དུ་བཀག་པ་དེས་རྒྱལ་ཁབ་ཀྱི་ནུས་རྒྱུའི་འཐབ་ཇུས་རྟེན་གཞི་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།། ( ལྷ་འཛོམས་ཀྱིས་བསྒྱུར།)