国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གྲངས་རྩིས་ཀྱི་བསམ་གཞིགས་ལ་བརྟེན་ཏེ་གནད་དོན་ཐག་གཅོད་ཀྱི་ནུས་པ་མཐོ་རུ་གཏོང་ཆེད།མི་རིགས་ ས་ཁུལ་གྱི་ལོ་རིམ་བརྒྱད་པའི་གྲངས་རྩིས་སློབ་ཁྲིད་ཀྱི་ཇུས་འགོད་དང་ལག་བསྟར་ལ་ཅུང་ཙམ་འཇུག་པ།

ནང་དོན་གནད་བསྡུས། གྲངས་རྩིས་ཀྱི་བསམ་གཞིགས་སྐྱེད་སྲིང་བྱེད་པའི་དགོས་པ་ལ་བརྟེན་ནས་དངོས་འཕྲད་ཀྱི་གནད་དོན་མཐའ་དག་འཕྲལ་མ་ཉིད་དུ་འཚབ་འཚུབ་དང་བྲལ་བའི་སྒོ་ནས་ཐག་གཅོད་ཐུབ་པའི་ནུས་པ་གསོ་སྐྱོང་གི་དགོས་གལ་རང་བཞིན།མི་རིགས་ས་ཁུལ་ཏེ་བོད་ཁུལ་དུ་སློབ་མའི་གྲངས་རྩིས་རིག་པའི་བསམ་བློ་འཕེལ་རྒྱས་ཇི་ལྟར་བཏང་བའི་བརྒྱུད་རིམ་དང་གཏང་བྱའི་ལོ་རིམ་གང་དང་།གཏོང་མཁན་གྱི་དགེ་རྒན་སུ།མཇུག་འབྲས་ལས་བྱུང་བའི་མྱོང་ཚོར་དག་གོ།

བརྡ་ཆད་གཙོ་བོ། གྲངས་རྩིས་ཀྱི་བསམ་གཞིགས། མི་རིགས་ས་ཁུལ། ལོ་རིམ་བརྒྱད་པའི་རྩིས་རིག། གནད་དོན་ཐག་གཅོད་ནུས་པ། སློབ་ཁྲིད་ཀྱི་ཇུས་འགོད་དང་ལག་བསྟར།

དང་པོ།མགོ་བརྗོད་དམ་གླེང་སློང་བ།

སློབ་མས་ད་ནས་བཟུང་སྤྱི་ཚོགས་འཚོ་བའི་ནང་ནས་འཕྲད་པའི་གནད་དོན་ཆེ་མ་ཆུང་གསུམ་གང་ཡིན་རུང་འཕྲལ་དུ་སྐབས་བསྟུན་བབས་མཐུན་དང་ཐབས་ཤེས་སྣ་ཚོགས་པའི་སྒོ་ནས་ཐག་གཅོད་བྱེད་ཐུབ་ཆེད།གྲངས་རྩིས་རིག་པའི་གཞི་རྩའི་སློབ་གསོ་ལས་གྲངས་རྩིས་ཀྱི་བསམ་གཞིགས་ལ་བརྟེན་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་ཡིན་པས་ན་ཁོའུ་མོ་ཐུ་(Gomet,A)ཡིས་གྲངས་རིག་དབྱེ་ཞིབ་ནི་ཤེས་བྱའི་མ་ལག་ཡོད་ཚད་ཁྲོད་ཀྱི་འོས་འཚམ་གྱི་རྨང་གཞི་ཡིན་ཞེས་གསུངས་པ་མ་ཡིན་ནམ།དེང་དུས་ཚན་དཔལ་རིག་གསུམ་དར་བའི་སྤྱི་ཚོགས་འདིར་གྲངས་རྩིས་རིག་པའི་ཤེས་བྱ་ནི་གནས་སོ་སོའི་གྲུ་ག་ཡོངས་སུ་ཁྱབ་དང་ཁྱབ་བཞིན་པ་ནི་མིག་མཐོང་ལག་ཟིན་ཡིན་པ་སྨོས་མ་དགོས།དེས་ན་གཞོན་ནུ་བྱིས་པ་རྣམས་ནི་ཕར་ཞོག་མི་ཆེན་གོ་བ་ཅན་ཞིག་ཡིན་ཡང་དངོས་སུ་མཐོང་རེག་ལས་བྲལ་ལྐོག་གྱུར་གྱི་ཤེས་བྱ་དག་ནི་སེམས་ཀྱིས་མྱོང་ཚོར་མི་ཐུབ་པས་སྦྱོང་དགོས་ན་ཤིན་ཏུ་ཤེས་དཀའ་བར་བརྟེན་འུ་ཅག་མི་རིགས་ས་ཁུལ་གྱི་གྲངས་རྩིས་སློབ་ཁྲིད་དེ་ངེས་པར་དུ་མི་རིགས་ས་ཁུལ་རང་གནས་སུ་ཡོད་པའི་རིག་གནས་དང་གཅིག་ཏུ་འདྲེས་པར་བྱས་ཏེ་ཁྲིད་དགོས་པ་སྟེ་ཐེངས་འདིར་ལག་ལེན་ནམ་ཞིབ་འཇུག་བྱས་པའི་མཚོན་བྱ་གྲངས་རྩིས་ཀྱི་རིག་གནས་གང་མང་ཞིག་མཚོན་བྱེད་དངོས་མཐོང་གི་བྱ་དངོས་མཐའ་དག་དཔེ་སྟོན་ལག་བསྟར་བྱས་ནས་སློབ་ཁྲིད་བྱས་པའི་བརྒྱུད་རིམ་དང་ཕན་འབྲས་ལས་ཡུལ་གང་སའི་རྩིས་རིག་སློབ་གསོར་གཡོ་འགུལ་ཐེབས་ཤིང་གྲངས་རྩིས་ལྟེ་བའི་ཡོན་ཚད་ཀྱི་ཉིང་བཅུད་རྩིས་ཀྱི་བསམ་གཞིགས་སྐྱེད་སྲིང་བྱ་བ་དེ་ཁྱབ་རྒྱ་ཆེ་རུ་གཏོང་བར་རེ་འབོད་ཞུས་པ་བཅས་སོ།།

གཉིས་པ།མི་རིགས་ས་ཁུལ་གྱི་གྲངས་རྩིས་སློབ་ཁྲིད་ཀྱི་སྐབས་བབས་གནས་ཚུལ་དང་འགག་རྩའི་འགྲན་སློང་།

༡༽ སློབ་ཁྲིད་ཀྱི་འདུ་ཤེས་དང་བྱེད་ཐབས་ཀྱིས་དེ་ཙམ་མི་འདང་བའི་གནད་དོན།

མི་རིགས་ས་ཁུལ་གྱི་གྲངས་རྩིས་དགེ་རྒན་ཕལ་མོ་ཆེས་རྒྱལ་ཁབ་སློབ་གསོ་ཅུས་ཀྱིས་གཏན་ལ་ཕབ་པའི་བསླབ་ཚན་ཚད་གཞིའི་རེ་འདུན་ཏེ་ཁྱད་པར་དུ༢༠༢༢ལོར་རྩིས་རིག་གི་བསླབ་ཚན་ཚད་གཞི་བསྒྱུར་བཅོས་བྱས་པའི་དམིགས་འབེན་ལ་ཁས་ལེན་ཞིང་དེ་མཐུན་གྱི་སློབ་ཁྲིད་ཀྱང་བཀོད་སྒྲིག་བྱེད་བཞིན་ཡོད་མོད།བླང་བྱ་ལྟར་ལག་ལེན་ཐུབ་རྒྱུར་ད་དུང་ཧེ་བག་ཆེས་ཆེར་མཆིས་པ་སྨོས་མ་དགོས།དགེ་རྒན་རྣམས་ཀྱིས་ཕལ་ཆེར་རྒྱུགས་འབྲས་ཁོ་ན་གཙིགས་སུ་འཛིན་པ་ལས་སློབ་མས་གྲངས་རྩིས་རིག་པའི་བསམ་གཞིགས་ལ་བརྟེན་ནས་དངོས་ཡོད་འཚོ་བའི་ཁྲོད་གནད་དོན་མཐའ་དག་ཐག་གཅོད་བྱེད་ཐུབ་པའི་ནུས་པ་སྐྱེད་སྲིང་བྱེད་རྒྱུར་བརྩི་མཐོང་གང་ལེགས་བྱེད་མི་ཐུབ་པར་སློབ་ཁྲིད་སྐབས་སུ་དགེ་རྒན་གཅིག་པུས་སློབ་ཁང་དུ་ཁྲབ་སྟོན་བྱེད་བཞིན་པ་ལས་དགེ་སློབ་ཟུང་འབྲེལ་ལམ་སློབ་མ་གཙོ་བོར་འཛིན་པའི་འདུ་ཤེས་དེ་ལག་ཏུ་བསྟར་གྱིན་མེད་པས་སློབ་མའི་གྲངས་རྩིས་རིག་པའི་བསམ་གཞིག་གི་ནུས་རྩལ་འཚར་ལོངས་ཡོང་བར་བཀག་རྡོ་ཞིག་ཏུ་གྱུར་ཡོད།

༢༽ གྲངས་རིག་པའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་ཐད་ཀྱི་གནད་དོན།

རྩིས་རིག་དགེ་རྒན་ང་དང་ང་ལྟ་བུ་མི་ཉུང་བ་ཞིག་ནི་རྩིས་རིག་གི་ཆེད་ལས་ཕར་ཞོག་ཆེད་སྦྱོང་ཡང་མིན་ཕྱིར་གྲངས་རྩིས་རིག་པའི་ཆུ་ཚད་དམའ་ཞིང་དཔེ་དེབ་སྟེང་གི་ཤེས་བྱ་དང་མི་རིགས་ས་ཁུལ་རང་སའི་འཚོ་བའི་ཤེས་བྱ་གཉིས་ཡ་བྲལ་དུ་གྱུར་ཏེ་ཅུང་གཏིང་ཟབ་པའི་རྩིས་གཞི་དག་སློབ་མས་ལྟ་ཞོག་དགེ་རྒན་གྱིས་ཀྱང་འགྲོལ་དཀའ་བའི་གནས་ཚུལ་གྱིས་སློབ་མའི་དེའི་ཐད་ཀྱི་འཇོན་ནུས་ཡར་སྐྱེད་ཡོང་མི་ཐུབ།

༣༽ སློབ་ཁྲིད་ཀྱི་སྤྱོད་ཆས་བཀོལ་ཚུལ་གྱི་གནད་དོན།

ད་ལྟ་གྲངས་རིགས་དགེ་རྒན་རྣམས་ཀྱིས་རང་ནུས་ཡོད་དགུ་བཏོན་ཏེ་དེང་རབས་ཀྱི་སློབ་ཆས་སྤྱོད་ཀྱིན་ཡོད་ཀྱང་མང་པོ་ཞིག་དྲྭ་རྒྱ་ལས་ཕབ་ལེན་བྱས་རྗེས་དེར་སྣོན་འཕྲིའམ་བཟོ་བཅོས་མི་བྱེད་པར་ཐད་ཀར་མར་སློབ་མར་ཁྲིད་པ་ལས་གང་ལ་གང་འཚམ་གྱི་སློབ་ཆས་མ་བཟོས་ན་དྲྭ་ཐོག་གི་སློབ་ཚན་ཚང་མ་སྔོན་ཐོན་ས་ཁུལ་གྱི་སློབ་མའི་འཚོ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་ལ་བསྟུན་ནས་བཀོད་པ་ཤ་སྟག་སྟེ་སྒྲིག་མཁན་གྱི་དགེ་རྒན་དག་ཀྱང་གནས་དེ་གའི་མི་ཡིན་སྟབས་གནས་འདི་གའམ་འདི་གའི་དངོས་ཡོད་འཚོ་བའི་རྒྱུ་ཆ་འདུས་མེད་པས་བརྙན་དང་རི་མོ་ཇི་འདྲའི་ཕུན་སུམ་ཚོགས་རུང་སློབ་མས་དེར་རྒྱུས་མེད་ཕྱིར་དེ་ལ་དེ་འཚམ་གྱི་བསམ་བློ་བཀོལ་མི་ཐུབ་ལ་གོ་བའང་ལོན་དཀའ།

༤༽ ཡོངས་ཁྱབ་ཏུ་སློབ་མས་གྲངས་རྩིས་སྦྱོང་བའི་གནས་ཚུལ།

མི་རིགས་ས་ཁུལ་གྱི་སློབ་མའི་ལུང་སྐད་མ་གཏོགས་སྤྱི་སྐད་ཀྱི་ཆུ་ཚད་ཤིན་ཏུ་དམའ་བ་དང་གཅིག། ཡུལ་ཕྱི་ནང་གི་རིག་གནས་ལ་ཤེས་རྟོགས་དབེན་པ་དང་གཉིས།གྲངས་རྩིས་རིག་པའི་གནས་ལ་བརྟེན་ནས་འབྱུང་འགྱུར་གྱི་གནད་དོན་གང་མང་ཞིག་ཐག་གཅོད་ཐུབ་དགོས་སྙམ་པའི་འདུ་ཤེས་ཆགས་མེད་པ་དང་གསུམ་སྟེ་ད་དུང་དེ་དང་དེ་ལྟ་བའི་རྒྱུ་རྐྱེན་རབ་དང་རིམ་པས་སློབ་མས་རྩིས་རིགས་སྦྱོང་འདོད་ཀྱི་མོས་པ་ཉིན་མོའི་སྐར་མ་བཞིན་ཡིན་རྐྱེན་བསམ་གཞིགས་ཀྱི་འཇོན་ནུས་དང་གསར་གཏོད་ཀྱི་ཀུན་སློང་བསྐྱེད་མི་ཐུབ།

གསུམ་པ།མི་རིགས་ས་ཁུལ་གྱི་ལོ་རིམ་བརྒྱད་པའི་སློབ་མའི་རྩིས་སྦྱོང་དེ་གནད་དུ་བཀར་ནས་དབྱེ་ཞིབ་བྱེད་པ།

སྲིད་འབྱོར་རིག་གསུམ་གང་ཅིའི་ཐད་ནས་སྔོན་ཐོན་གྱི་ས་ཁུལ་ལམ་གྲོང་ཁྱེར་ལྟ་བུ་ཡིན་ནའང་ལོ་རིམ་བརྒྱད་པའི་དུས་སུ་མཐོ་འབྲིང་གི་ཤེས་བྱའི་རྨང་འདིང་བའི་མཐུད་མཚམས་སུ་སླེབས་ཡོད་པར་མ་ཟད་སློབ་མའི་ན་ཚོད་ཀྱང་མཐོ་རུ་ཆགས་ཀྱིན་ཡོད་པས་གཞན་དབང་ལས་རང་དབང་གཙོ་ཞིང་རང་ལྟ་མཆོག་འཛིན་ནམ་རང་རང་ལ་འདོད་མོས་འདྲ་མིན་ལྡན་ཕྱིན་སྣེ་ཁྲིད་བྱེད་མཁན་དང་སྣེ་ཁྲིད་བྱེད་ལུགས་ནི་རྟ་ཁ་སྲབ་ཀྱིས་སྐྱོགས་མཚམས་སུ་སླེབས་པས་གལ་ཤིན་ཏུ་ཆེ།དེ་ལས་མི་རིགས་ས་ཁུལ་གྱི་ལོ་རིམ་བརྒྱད་པའི་སློབ་མ་རྣམས་ནི་སློབ་ཆུང་གི་རིག་གནས་ལེགས་པོ་ཞིག་ཤེས་ཐུབ་མེད་ཅིང་སྦྱངས་འབྲས་ཐད་ནས་རབ་འབྲིང་ཐ་གསུམ་དུ་གྱུར་ཞིང་རྩིས་རིག་གི་ནུས་པ་གསོ་སྐྱོང་བྱེད་རྒྱུ་ལྟ་ཅི།མཐོ་འབྲིང་གི་རྨང་འདིང་རྒྱུར་ཡང་དཀའ་ཚེགས་སུ་འཕྲད་ཡོད་པར་བརྟེན་ལྷག་ཏུ་དོ་ཁུར་ནན་མོ་བྱ་དགོས།དེས་ན་ལོ་རིམ་བརྒྱད་པའི་གྲངས་རྩིས་དགེ་རྒན་ཚོས་དེང་རབས་ཁྲིད་ཆས་དང་མི་རིགས་རང་གི་ཡུལ་གྱི་དངོན་ལྡན་འཚོ་བའི་ཡོ་བྱད་དམ་རིག་གནས་ཟུང་འབྲེལ་སྒོས་སློབ་མར་སློབ་ཆུང་སྐབས་ཀྱི་དངོས་གཟུགས་རྩིས་རྒྱག་ནས་སྤྱི་ཚན་གཏན་ཚིགས་སུ་ལེགས་ཁྲིད་བྱེད་པར་དོ་སྣང་བྱེད་དགོས་པར་མ་ཟད་གཞན་དབང་བསྡུ་ལེན་ལས་རང་དབང་གི་བསམ་བློ་གཏོང་བའི་ན་ཚོད་ལ་བརྟེན་ནས་ལྟེ་བའི་བྱང་ཚད་ཀྱི་སློབ་གསོ་ཞེས་པ་ཁ་ནས་གླེང་ཞིང་ལག་ཏུ་བསྟར་དགོས།

བཞི་པ།གྲངས་རྩིས་ཀྱི་ལྟེ་བའི་བྱང་ཚད་ལ་གོ་བ་ལེན་ཚུལ་དང་དེ་མི་རིགས་ས་ཁུལ་གྱི་ལོ་རིམ་བརྒྱད་པར་ཅི་ལྟར་གཙོ་བོར་འཛིན་དགོས་པ།

༡༽ གྲངས་རྩིས་རིག་པའི་སྲོག་ཤིང་ངམ་གཞི་རྩ་ཡང་ན་ལྟེ་བའི་བྱང་ཚད་ཅེས་པ་ནི་སློབ་མས་རྩིས་སློབ་པའི་གོ་རིམ་ཁྲོད་རིམ་བཞིན་ཆགས་ཡོང་བ་ཞིག་སྟེ་མ་འོངས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་འདོན་ཐུབ་ཅིང་འབྱུང་འགྱུར་སྤྱི་ཚོགས་ཀྱི་ཁ་ཕྱོགས་ཇི་འདྲ་ཡང་དེ་རུ་འཚམས་ཤིང་གནད་དོན་ཆེ་ཆུང་གང་ལ་འཕྲད་ཀྱང་སྐྲག་སྣང་དང་འཚུབ་ཆ་མེད་པར་ཐག་ཆོད་ཐུབ་པའི་ནུས་པ་སྟེ་འུ་ཚོས་ཁ་སྐད་དུ་གང་ལ་དགོས་ན་དེ་རུ་མཁོ་བའི་གོ་ཆོད་ཅེས་པའི་དཔེ་ནང་བཞིན་ལྡན་པའི་རིན་བྲལ་གྱི་གཤིས་ནུས་ཤིག་ལ་ཟེར། དེ་ལ༢༠༡༧ལོར་གཏན་ལ་ཕབ་ཤིང༢༠༢༠ལོར་བཟོ་བཅོས་བྱས་པའི་མཐོ་འབྲིང་དཀྱུས་མའི་རྩིས་རིག་བསླབ་དེབ་ཚད་གཞི་ལས་གྲངས་རྩིས་རིག་པའི་བྱང་ཚད་ལ་དོན་ཚན་ཆེན་པོ་དྲུག་ཏུ་འདུས་ཡོད་དེ།དང་པོ་རྩིས་རིག་གི་སྤྱི་ཚན་ཞེས་པ་རྩིས་རིག་གི་བསམ་གཞིགས་ནུས་པའི་རྨང་གཞི།གཉིས་པ།གཏན་ཚིགས་རིག་འདེད་བྱེད་པ་ཞེས་གཅིག་ཤེས་ཀུན་གྲོལ་གྱི་འཇོན་ཐང་།གསུམ་པ།རྩིས་རིག་དཔེ་དབྱིབས་བཟོ་བ་སྟེ།དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་གནད་དོན།བཞི་པ།ཐད་ཀའི་སེམས་ཀྱི་འཆར་ཡན་ཏེ།གྲངས་རྩིས་དང་དངོས་རྣམ་སྦྲེལ་བའི་ཁྱད་ཆོས་ལྡན་པ།ལྔ་པ།རྩིས་རྒྱག་ལག་ཏུ་བསྟར་བ་ཞེས་རྩིས་རིག་བཀོལ་སྤྱོད་ཀྱི་རྨང་གཞི།དྲུག་པ།གཞི་གྲངས་དཔྱད་ཞིབ་ཅེས་པ་བརྡར་ཤ་གཅོད་པའམ་སྔོན་དཔག་བྱེད་པའི་ཁྱད་ནུས།དེས་ན་རྩིས་རིག་སློབ་ཁྲིད་བྱེད་པར་ཅིས་ཀྱང་གོང་གི་དོན་ཚན་དྲུག་པོ་ལྟར་འགྲོ་དགོས་པ་དང་ང་ཚོས་འདིར་ལྷག་པར་དུ་དོན་ཚན་གསུམ་པ་གཙོ་རུ་བཟུང་ནས་ཁྲིད་པ་དང་གཞན་ལྔ་པོའང་དེར་འདུས་པ་བྱས་ཡོད།

༢༽ མི་རིགས་ས་ཁུལ་གྱི་ལོ་རིམ་བརྒྱད་པར་གོང་གི་ཤེས་བྱ་ཁྲིད་དགོས་པར་ངེས་པར་དུ་མི་རིགས་ས་ཁུལ་རང་གནས་སུ་དངོས་ཡོད་ཀྱི་རིག་གནས་མིག་མཐོང་ལག་ཟིན་གོ་རྒྱུ་མྱོང་རྒྱུ་ཡོད་པ་རྣམས་དཔེ་སྟོན་བྱེད་དགོས་པ་འདི་ལྟ་སྟེ།རྒྱལ་ཁབ་ཀྱི་སློབ་གསོ་སྡེ་ཁག་གིས་གཏན་ལ་ཕབ་པའི་བསླབ་ཚན་ནང་དོན་ནི་ཁྲིད་བྱ་དང་མི་རིགས་ཀྱི་བཟོ་བཀོད་དང་།སྲོལ་རྒྱུན་ལག་ཤེས་བཟོ་རྩལ།ཁྱད་ལྡན་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་སོགས་ཀྱི་རིག་གནས་རྒྱུ་ཆ་ཁྲིད་བྱེད་དུ་བཀོལ་ནས་གང་ལ་གང་འཚམས་ཀྱིས་གྲངས་རྩིས་སློབ་ཁྲིད་བྱས་ན་སློབ་མའི་འཚོ་བའི་ངོས་འཛིན་དང་འཚམ་པར་མ་ཟད།རྟོགས་སླ་ལ་རྩིས་སྦྱོང་གི་སྤྲོ་བ་ཡང་སློང་ཐུབ་ངེས།དཔེར་ན་བསྡོམས་རྩིས་ཁྲིད་དུས་མི་རིགས་སོ་སོར་རང་རང་གི་རིག་གནས་རྒྱུ་ཆ་བཀོལ་རྒྱུ་ཕུན་སུམ་ཚོགས་པ་ཡོད་ཁོ་ཐག་མོད་ང་ཚོས་འདི་ནས་བཤད་རྒྱུ་ནི་དཀར་མཛེས་ཁུལ་བྲག་མགོ་རྫོང་ལི་སྟོད་སློབ་གྲྭའི་ལོ་རིམ་བརྒྱད་པ་ཡིན་ཕྱིན་ལོ་རིམ་དེའི་སྦྱོང་ཚན་དང་བོད་ཁུལ་གྱི་འཚོ་བའི་རིག་གནས་རྒྱུ་ཆར་བཀོལ་ཚུལ་དམིགས་སུ་བཀར་ནས་འཆད་པར་བྱ་སྟེ།བསྡོམས་རྩིས་ཁྲིད་དུས་འབྲུ་རིགས་དང་ཤ་མར་གྱི་ཆེ་ཆུང་མང་ཉུང་རྩི་ཚུལ་སོགས་ལས་ཤེས་སུ་འཇུག་རྒྱུ་དང་ཟུར་གསུམ་རིས་དབྱིབས་ནི་སྦྲ་གུར་དང་ཁང་བརྩེགས་སོགས་དང་འབྲེལ་ནས་ཁྲིད་པ།དེ་མིན་དབྱིབས་རྩིས་ཀྱི་ཤེས་བྱ་རྣམས་མང་པོ་ཞིག་ནི་ནས་ཆང་དང་འོ་ཞོ་བསྙལ་ལུགས་ལས་ཤེས་པར་བྱེད་རྒྱུ།རྟེན་འབྱུང་གྲངས་ཁྲིད་དུས་སུ་ཡང་ཤ་མར་དང་འབྲུ་རིགས་བལ་རྩིད་ཀྱི་རིན་གོང་མཐོ་དམའ་དངོས་དཔེ་བྱས་ནས་ཁྲིད་པར་བྱ་བ་སོགས་སོ།།

ལྔ་པ།ལི་སྟོད་སློབ་གྲྭའི་ལོ་རིམ་བརྒྱད་པའི་འཛིན་གྲྭ་གཉིས་དམིགས་སུ་བཀར་ནས་སློབ་ཁྲིད་ཀྱི་ཇུས་འགོད་དང་ལག་བསྟར་ཇི་ལྟར་བྱས་པ་ཞིབ་ཏུ་བརྗོད་པ།

༡༽ ཐོག་མར་ང་ཚོས་འཛིན་གྲྭ་དེ་གཉིས་ལ་དགེ་རྒན་ཁོ་རང་གཉིས་པོས་རྒྱུན་ལྡན་གྱི་འཚོགས་ལུགས་ལྟར་བྱས་ཁྱབ་བསྒྲགས་སློབ་ཁྲིད་རེ་འཚོགས་རྗེས་ཞིབ་འཇུག་བྱ་གཞི་ཚོ་ཆུང་གི་ཁོངས་མི་ཚང་མ་མཉམ་འདུས་བྱས་ནས་གྲོས་བསྡུར་ལས་སྙིགས་དོར་བཅུད་ལེན་གྱི་གནས་གང་མང་ཞིག་ཕྱོགས་བསྡོམས་བྱས་པ་བརྟེན་འཛིན་གྲྭ་གསུམ་པ་དང་འཛིན་གྲྭ་ལྔ་པ་གཉིས་ཀ་ལ་སློབ་མ༤༠རེ་འདུག སྐབས་དེའི་སློབ་ཁྲིད་ཚོགས་ཐུན་ནང་སློབ་མས་ནང་དོན་རྟོགས་ཚད་དང་ཚོ་ཆུང་གྲོས་བསྡུར་དང་དྲི་བའི་ལན་ལ་ཞུགས་ཐུབ་ཚད་ཀྱི་སློབ་མ་ནི་བརྒྱ་ཆའི་༤༠ཡས་མས་ལས་ཟིན་མེད།ཉིན་དེར་ཡང་ང་ཚོས་ལོ་རིམ་བརྒྱད་པའི་འཛིན་གྲྭ་ཡོད་དོ་ཅོག་ལ་རྒྱུགས་ཤིག་བླངས་བར་འཛིན་གྲྭ་ཀུན་གྱི་རྒྱུགས་འབྲས་ལ་ཁྱད་པར་ཆེན་པོ་མི་འདུག རྒྱུགས་འབྲས་ཆེས་མཐོ་བའི་འཛིན་གྲྭ་གསུམ་པ་ཚང་ཆ་སྙོམས་སྐར་གྲངས༥༠དང་གྲངས་ཆུང༥རེད།འཛིན་གྲྭ་ལྔ་པ་ཚང་གི་ཆ་སྙོམས་སྐར་གྲངས་༣༣རེད་འདུག འཛིན་གྲྭ་འདི་གཉིས་ནི་ངེད་ཚོགས་ཆུང་གིས་ཞིབ་འཇུག་བྱེད་སའི་ཡུལ་ཡིན་པས་འདིར་བྲིས་ཤིང་འཛིན་གྲྭ་གཞན་རྣམས་ནི་བྲིས་མེད་མོད།ཆ་སྙོམས་སྐར་གྲངས༢༠ནས་༤༠བར་དུ་འདུག

༢༽ ངེད་ཚོས་འཛིན་གྲྭ་འདི་གཉིས་བདམས་དགོས་པའི་རྒྱུ་མཚན་ནི་ངེད་ཞིབ་འཇུག་བྱ་གཞི་ཚོ་ཆུང་གི་ཚོགས་གཙོ་མཚོ་མོ་དང་ཁོངས་མི་རྒྱལ་མཚན་གཉིས་འཛིན་གྲྭ་དེ་གཉིས་ཀྱི་གྲངས་རིག་དགེ་རྒན་ཡིན་འདུག། དེས་ན་གོང་དུ་བརྗོད་ཟིན་པའི་དགེ་རྒན་ཁོང་གཉིས་ཀྱིས་འཚོགས་པའི་ཡོངས་ཁྱབ་སློབ་ཁྲིད་ཀྱི་སློབ་ཐུན་ཕྱིར་དྲན་ནམ་ཁྲིད་རྗེས་བསམ་གཞིགས་དང་རྒྱུགས་འབྲས།དེ་མིན་སྐབས་དེ་དུས་ཀྱི་ལས་བྱ་བྲིས་པ་སོགས་གཞི་གྲངས་ཀྱི་འགོ་འཛིན་ས་བྱས་ཏེ་དུས་དེ་ནས་བཟུང་ངེད་ཚོགས་མི་ལྔ་པོས་འཛིན་གྲྭ་དེ་གཉིས་ལ་སློབ་ཁྲིད་ཐེངས་མང་ཉན་པ་དང་ཕན་ཚུན་ལ་ཁྲིད་བཤད་གདེང་འཇོག་རབ་དང་རིམ་པ་བྱས་པར་མ་ཟད་རྫོང་ཕྱི་ནང་གི་རྩིས་རིག་ཆེད་ལས་དགེ་རྒན་གདན་ཞུ་བྱས་ནས་ལེགས་སྤེལ་ཉེས་འགོག་གི་བྱ་བ་གང་མང་ཞིག་བསྒྲུབས་ཤིང་ཁྲིད་གཞིའང་སྤུས་ཇེ་ལེགས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ཤིན་ཏུ་མང་མོད་འདི་རུ་དཔེ་མཚོན་ཙམ་འགའ་ཞིག་འགོད་པ་འདི་ལྟ་སྟེ།

ཀ ཟུར་གསུམ་མ་དང་མཐའ་མང་དབྱིབས་ཁྲིད་སྐབས་སུ་སློབ་མས་བོད་རིགས་སྲོལ་རྒྱུན་གྱི་སྦྲ་གུར་ཕུབ་པ་དང་ཕུབ་ཚུལ་སོགས་ཀྱི་དཔེ་མཚོན་ལས་ཟུར་ཅི་འདྲ་དང་མཐའ་གང་འདྲ་སོགས་རྩིས་རིག་གི་སྐད་ཆའི་ཐོག་ནས་དབྱིབས་རྩིས་ཀྱི་ཁྱད་ཆོས་གསལ་བཤད་བྱས་ནས་གཏན་ཚིགས་ཅན་གྱི་བསམ་གཞིགས་གཏོང་ཤེས་པར་བྱས་པ།

ཁ། བསྡོམས་རྩིས་ཁྲིད་དུས་སློབ་མས་ནམ་རྒྱུན་མཐོང་བཞིན་པའི་བྱ་བ་ཟོག་ལུག་བརྩི་བ།མར་དང་གྲོ་ནས་ཀྱི་ལྗིད་ཚད་འདེགས་བཀྱགས།དེ་དག་གི་རིན་གོང་བརྩི་བ་སོགས་ལས་བསྡོམས་རྩིས་ནི་དཔེ་དེབ་སྟེང་གི་རིག་གནས་ཙམ་མ་ཡིན་པར་ཁྱིམ་གྱི་ཕ་མ་ཚོས་འཚོ་བ་རོལ་བྱེད་ཀྱི་རིག་གནས་ཤིག་ནི་དེ་ལས་ཀྱང་ཡིན་པར་རྟོགས་ནས་སློབ་མས་རི་ཁྱིམ་གཉིས་ཀ་ནས་སྦྱོང་འདོད་དང་སྦྱོང་རྒྱུ་ཡོད་པར་བྱེད་པའི་མཚོན་རིས།

ག ཆ་འགྲིག་རིས་དབྱིབས་སློབ་པའི་སྐབས་སུ་ང་ཚོ་ཀུན་གྱིས་གསལ་བཞིན་པའི་ཕོ་བྲང་པོ་ཏ་ལ་ལྟ་བུའི་དངོས་གཟུགས་དང་དེ་ཆུ་རུ་ཤར་བའི་གཟུགས་བརྙན་གཉིས་ཆ་འགྲིག་གི་རིས་དབྱིབས་ཤིག་ཏུ་གྲུབ་འདུག་པར་མ་ཟད་ད་དུང་སློབ་མ་རང་རང་གི་ཁྱིམ་གྱི་སྒོ་དང་སྒེའུ་ཁུང་སོགས་མང་པོ་ཞིག་ཀྱང་ཆ་འགྲིག་རིས་དབྱིབས་སུ་ཡོད་པས་དེ་དག་གི་སྟེང་ན་རིག་གནས་སྣ་མང་སྦྱོང་རྒྱུ་ཡོད་པ་ཤེས་སུ་བཅུག་པའི་མཚོན་དཔེ།

ང་། རྟེན་འབྱུང་གྲངས་ཁྲིད་པར་འདིང་གདན་གྱི་རིང་ཐུང་ཆེ་ཆུང་ཐ་ན་འཐག་བྱེད་ཀྱི་སྐུད་པ་མང་ཉུང་སོགས་དང་ཟས་མཆོག་སྦྲང་དཀར་རྩམ་པའི་ཐོན་སྐྱེད་ལ་སོགས་གང་ལ་གང་འཚམ་བཀོལ་རྒྱུ་ཡོད་དེ།

དཔྱད་རྩོམ་འདིའི་ནང་དུ་ཉོག་འགྲོ་བར་དོགས་ནས་བསྡུས་པའམ་བྲིས་མེད་མ་གཏོགས་ངེད་ཚོགས་ཆུང་གིས་གོང་ལྟར་ཁྲིད་གང་ཞིག་བཀོད་ཀྱང་ཚང་མར་ཁྲིད་བྱའི་དམིགས་ཡུལ་དང་དཀའ་གཙོ་གནད།སློབ་ཁྲིད་ཀྱི་བརྒྱུད་རིམ།ཕྱོགས་བསྡོམས།པང་འགོད།སློབ་ཐུན་ཕྱིར་དྲན།ལས་བྱའི་རིམ་པ།སློབ་མའི་ཤེས་ཚད་རིམ་པ།བསམ་གཞིགས་ནུས་པ་མཐོ་རུ་གཏོང་བྱེད་ཀྱི་ཐབས་ལམ་གང་དང་ཅི་སོགས་ཞིབ་ཅིང་ཕྲ་བ་འཕྲིན་མང་གཟུགས་ཀྱི་ཁྲིད་ཆས་དང་ཁྲིད་གཞིའི་འབྲི་དེབ་ཏུ་རེ་རེ་བཞིན་གསལ་པོར་བཀོད་ཡོད་དོ།།

དྲུག་པ།མཇུག་གཏམ་དང་རེ་འབོད།

ཐེངས་འདིར་ང་ཚོས་གོང་གི་བཤད་པ་དང་བཀོད་པ་གཙོས་ད་དུང་དགེ་རྒན་རང་གིས་སློབ་སྦྱོང་བྱེད་ཞོར་དུ་སློབ་མར་ས་ཁུལ་འདི་ཕྱོགས་ཀྱི་རིག་གནས་སྣ་མང་སྤྱད་ནས་གྲངས་རྩིས་ཀྱི་སློབ་ཁྲིད་བྱས་པར་བརྟེན་དཀའ་ཚེགས་ཆེན་པོ་མ་དགོས་པར་འཛིན་གྲྭ་འདི་གཉིས་ཀྱི་སློབ་བུ་བརྒྱད་ཅུ་དེ་ལ་ཡར་ཐོན་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བར་མ་ཟད་འཛིན་གྲྭ་དེ་གཉིས་ཀྱི་རྩིས་ཁྲིད་དགེ་རྒན་རྣམ་གཉིས་ལ་རྫོང་རིམ་པ་དང་སློབ་གྲྭ་ནང་ཁུལ་ནས་སློབ་ཁྲིད་འགྲན་འཚོག་ལས་ཨང་དང་གཉིས་དང་ཕུལ་བྱང་གི་བྱ་དགའ་མི་ཉུང་བ་རེ་ཐོབ་པས་ཞིབ་འཇུག་འདི་ལས་དགེ་སློབ་ཡོངས་ཀྱི་ནུས་པར་ཡར་སྐུལ་ཆེན་པོ་ཐོན་ཡོད་ཅིང་དེ་མིན་གྱི་འཛིན་གྲྭ་གཞན་པ་དག་གིས་ཀྱང་དཔེར་ན་ཨ་རོགས་ལ་དྲི་བཞིན།ཁྱིམ་མཚེས་ལ་ཉན་ཞོར་ཞེས་པའི་དཔེ་བཞིན་དེ་ཚོའང་སྔར་དང་བསྡུར་ན་རྒྱུགས་འབྲས་དང་སློབ་ཐུན་དུས་ཀྱི་དྲིས་སམ་གྲོས་ལ་ཞུགས་ཐུབ་མིན།ཤེས་རྟོགས་ཀྱི་ཚད་བཅས་གང་ཅིའི་ཐད་ནས་གོང་ནས་གོང་དུ་འཕེལ་བཞིན་པར་བལྟས་ན།དགེ་རྒན་གྱིས་མི་རིགས་རང་གི་ས་ཁུལ་གྱི་སློབ་མ་དང་ཁྱིམ་བདག་ཀུན་པོས་རྒྱུས་ཡོད་ཀྱི་ཁྲིད་ཆས་བཟོས་ནས་ཁྲིད་ན།སྔོན་དང་མི་འདྲ་བར་ཁྱིམ་པས་ཀྱང་གསབ་ཁྲིད་མི་དམན་པ་རེ་བྱེད་ཤེས་པས་ཁྱིམ་པ་དང་སློབ་གྲྭས་འབྲེལ་བ་ཡང་ཇེ་ཟབ་ཏུ་གཏོང་ཐུབ།ཞིབ་འཇུག་འདི་ལས་ཁྱད་པར་དུ་འཛིན་གྲྭ་གསུམ་པ་ཚང་ལ་དེ་ལས་ཀྱང་ཡར་བསྐྱེད་ཆེན་པོ་འདུག མཇུག་རྒྱུགས་ཀྱི་དུས་སུ་སྔར་གྱི་ངེད་ཚོའི་གཞི་འཛིན་གྲངས་ལས་བརྒྱ་ཆ་མཐོན་པོར་འཕག་འདུག། གསུམ་པ་ཚང་ཆ་སྙོམས་སྐར་གྲངས་བདུན་ཅུ་ལྷག་དང་ལྔ་པ་ཚང་སུམ་ཅུ་ལྷག་ནས་ལྔ་བཅུ་ང་གཅིག་ལ་སླེབས་འདུག་པར་མ་ཟད་ ད་རེས་ཀྱི་གྲངས་རྩིས་དཀྱིལ་རྒྱུགས་སུ་བརྒྱད་གསུམ་འཛིན་གྲྭའི་ཆ་སྙོམས་སྐར་གྲངས༨༧ཚེག༦དང་བརྒྱད་ལྔའི༦༧ཚེག་༥རུ་ཐོན་འདུག དེ་མིན་ང་ཚོས་ཐེངས་མང་སློབ་ཁྲིད་ལ་ཉན་དུས་སློབ་མས་སྤྲོ་བ་དང་ཧུར་བརྩོན་ཤེས་རྟོགས་ཀྱི་ཚད་བཅས་ལྡབ་འགྱུར་གྱིས་མཐོ་རུ་འགྲོ་བཞིན་ཡོད་པ་མངོན་འགྱུར་བྱུང་བས་དགའ་བ་འབུམ་གྱིས་སྤྲོས།འོན་ཀྱང་ད་དུང་ཡང་མི་འདང་ས་ནི་བརྗོད་ལས་འདས་ཏེ།སློབ་མ་རེ་ཟུང་གིས་རྩིས་ཚད་ཀྱི་བསམ་གཞིགས་དང་སྦྱངས་འབྲས་གང་ཐད་ནས་ཀྱང་ཐ་མ་ཞིག་ནས་ཡར་བསྐྱེད་ཆེན་པོ་འབྱུང་མི་ཐུབ།མ་གཞི་སློབ་གྲྭ་གང་དང་གང་ཡིན་རུང་སྦྱོང་ཞན་སློབ་མར་སློབ་ཁྲིད་བྱེད་པར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱུར་བ་མིག་མཐོང་ལག་ཟིན་དུ་གནས།དེའི་ཐད་ནས་མུ་མཐུད་དུ་ཞིབ་འཇུག་བྱས་ནས་གང་ལ་གང་འཚམ་གྱིས་སློབ་ཁྲིད་བྱེད་དགོས་པར་འདུག། མཁས་པ་འགའ་རེས་ཁྲིད་མི་ཤེས་པའི་དགེ་རྒན་ལས་སྦྱོང་མི་ཤེས་པའི་སློབ་མ་མེད་ཅེས་གསུངས་པ་ལྟར་ན་མ་འོངས་པར་སློབ་གྲྭ་སོ་སོས་གྲངས་རྩིས་ཆེད་ལས་ཡིན་པ་གཞི་བྱས་མི་རིགས་ས་ཁུལ་གྱི་རིག་གནས་རྒྱབ་ལྗོངས་དང་འཚོ་བའི་གོམས་གཤིས་ལ་རྒྱུས་མངའ་ཆེ་བའི་དགེ་རྒན་གང་མང་ཞིག་རྒྱུན་ཁྲིད་བྱེད་མཁན་གདན་ཞུ་བྱས་ཏེ་སློབ་མས་སེམས་སུ་གྲངས་རྩིས་རིག་པ་ནི་རང་རང་སྡོད་སའི་ཁོར་ཡུག་ཏུ་ཁྱབ་ཡོད་ཅིང་འཕྲད་པའི་གནད་དོན་རབ་དང་རིམ་པ་ནི་རྩིས་རིག་གི་བསམ་གཞིགས་ལས་དབྱེ་ཞིབ་བྱེད་ཐུབ་པའི་བསམ་བློ་སྐྱེད་སྲིང་བྱས་ནས་མཐར་སྦྱངས་བཟང་སློབ་མ་ཅི་བཤད་སྦྱངས་ཞན་སློབ་མས་ཀྱང་གྲངས་རྩིས་སྦྱོང་ཤེས་ཤིང་སྦྱོང་བར་སྤྲོ་བས་ཕྱུག་པ།གྲངས་རྩིས་བཀོལ་ཤེས་ཤིང་དེ་ལ་བརྟེན་ནས་འཚོ་བ་རོལ་ཤེས་པ་ཞིག་སྐྱེད་སྲིང་བྱེད་ཐབས་ལ་འབད་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་ནོ།།

རིག་འཛིན་དབང་མོ།བྲག་མགོ་རྫོང་ཆ་ཚང་སློབ་ཆུང་གཉིས་པ།

ཚེ་རིང་སྐྱབས། བྲག་མགོ་རྫོང་ཆ་ཚང་སློབ་ཆུང་གསུམ་པ།

མཚོ་མོ། ནོར་བུ་བཀྲ་ཤིས། རྒྱལ་མཚན། བྲག་མགོ་རྫོང་ལི་སྟོད་སློབ་འབྲིང་།

仁真翁姆(炉霍县二完小)泽绒交(炉霍县三完小)初姆 罗吾扎西 降泽(上罗科玛九年一贯制学校)