རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་
ཚོགས་འདུ་ཐོག་མར་བཙུགས་ཚུལ།
རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་བོད་འབྲེལ་ས་ཁུལ་གྱི་བོད་སྐད་ཡིག་གི་གསར་འགྱུར་ལས་དོན་པ་དག་གདན་ཐོག་གཅིག་ཏུ་འཛོམས་ནས་བོད་ཡིག་གསར་འགྱུར་ལས་དོན་དང་ཡིག་སྒྱུར། ཐ་སྙད་གསར་པ་གཅིག་གྱུར་བྱེད་སྟངས་སོགས་ཀྱི་བོད་སྐད་ཡིག་གི་བསྟན་པར་སྲི་ཞུ་ཕུན་སུམ་ཚོགས་པ་བསྒྲུབས་དང་སྒྲུབ་བཞིན་པའི་གཞུང་གཉེར་རང་བཞིན་གྱི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཚོགས་འདུ་འདི་ནི་ཐོག་མར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་དགེ་རྒན་དབང་འདུས་མཆོག་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དགེ་རྒན་དགེ་གཉེན་རྣམ་གཉིས་ཀྱིས་ཐུགས་མོལ་གཅིག་ཏུ་བབས་ནས་ས་གནས་སོ་སོའི་ཁུལ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་པེ་ཅིང་ནས་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་བཅས་ནས་ལས་ཀའི་འགྲོ་ལུགས་བསྒྲུབས་ཤིང་ཆོག་མཆན་ཐོབ་པ་བརྒྱུད་དེ། མཐར་བོད་རབ་བྱུང་བཅུ་བདུན་པའི་ས་སྟག་ལོའི་བོད་ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན་ཏེ་སྤྱི་ལོ1998ལོའི་ཟླ7པའི་ཚེས20ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་ནས་དབུས་ཉི་མ་ལྷ་ས་ནས་འཕྲིན་སྦྱོར་ཚོགས་འདུ་འདི་ཐོག་མར་མགོ་བཙུགས། སྐབས་དེའི་ཚོགས་འདུའི་མིང་ལ་ལྗོངས་དང་ཞིང་ཆེན་ལྔའི་བོད་ཡིག་ཚགས་པར་མཐུན་སྦྱོར་ཚོགས་འདུ་ཞེས་ཟེར། སྐབས་དེ་ལ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་། གཞིས་ཀ་རྩེ་ཚགས་པར་ཁང་། ལྷ་སའི་དགོང་དྲོའི་ཚགས་པར་ཁང་། གཞོན་ནུ་ཚགས་པར་ཁང་། བདེ་ཆེན་ཚགས་པར་ཁང་། ཀན་ལྷོ་ཚགས་པར་ཁང་སོགས་ཚགས་པར་ཁང་བཅུ་གཅིག་གི་ལས་སྒྲུབ་མི་སྣ30ལྷག་ཚོགས་འདུར་ཞུགས་པ་ནས་བོད་སྐད་ཡིག་གི་བསྟན་པར་རྨད་བྱུང་གི་བྱས་རྗེས་ཆེ་བའི་ཚོགས་འདུ་གལ་ཆེན་འདི་ཉིད་མཚམས་འདི་ནས་དབུ་བརྙེས་ཐུབ་སོང་བ་རེད། དེ་ནས་རིམ་པ་བཞིན་དུ་སྐབས་གཉིས་པ་དེ་སྤྱི་ལོ1999ལོའི་ཟླ8པར་དཀར་མཛེས་ཉིན་རེའི་གསར་འགྱུར་ཁང་གིས་གཙོ་སྒྲུབ་བྱས་ནས་ཤར་དར་རྩེ་མདོ་རུ་འཚོགས་པ་དང་། སྐབས་གསུམ་པ་དེ་སྤྱི2000ལོའི་ཟླ7པར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་ནས་གནའ་མཁར་ཟི་ལིང་དུ་འཚོགས། སྐབས་བཞི་པ་དེ་སྤྱི་ལོ2001ལོའི་ཟླ9པར་བོད་ལྗོངས་གཞིས་རྩེ་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་ནས་གཞིས་ཀ་རྩེ་རུ་འཚོགས། སྐབས་ལྔ་པ་དེ་སྤྱི་ལོ2002ལོའི་ཟླ8པར་ཀན་ལྷོ་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་ནས་མདོ་སྨད་ཀན་ལྷོ་རུ་འཚོགས། སྐབས་དྲུག་པ་དེ་སྤྱི་ལོ2003ལོའི་ཟླ9པར་རྔ་བ་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་ནས་ཤར་རྒྱལ་མོ་ཚ་བ་རོང་གི་ས་ཡི་ཆར་གཏོགས་འབར་ཁམས་སུ་འཚོགས། སྐབས་བདུན་པ་དེ་སྤྱི་ལོ2004ལོའི་ཟླ9པར་བདེ་ཆེན་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་ནས་ཁམས་བདེ་ཆེན་དུ་འཚོགས། དེ་ལྟར་བོད་འབྲེལ་ས་ཁུལ་གྱི་བོད་ཡིག་ཚགས་པར་མཐུན་སྦྱོར་ཚོགས་འདུ་དེ་བོད་ཁམས་ཀྱི་ཚགས་པར་ཁང་བདུན་གྱིས་རེས་མོ་སྒོས་སྐབས་བདུན་ལ་གཉེར་ནས་བོད་ཀྱི་གསར་འགྱུར་ལས་རིགས་དང་ཐ་སྙད་གསར་པ་གཅིག་གྱུར་སོགས་ཀྱི་ཐད་ལ་སྔར་མེད་ཀྱི་བྱས་རྗེས་རྨད་དུ་བྱུང་བ་བཞག།
རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་
ཚོགས་འདུ་རྒྱ་བསྐྱེད་ཚུལ།
སྐབས་བརྒྱད་པ་དེ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་གཙོ་བྱས་ནས་སྤྱི་ལོ2005ལོར་ཤར་དར་རྩེ་མདོ་ནས་འཚོགས་ཤིང་། སྐབས་དེ་ནས་བཟུང་ཚོགས་འདུ་འདི་ལ་འགྱུར་བ་ཅུང་བཏང་ནས་བོད་ལྗོངས་དུས་དེབ་ཁང་དང་ཀྲུང་དབྱང་ཡིག་སྒྱུར་ཅུས་སོགས་ལས་ཁུངས་སྐོར་ཞིག་ཚོགས་འདུར་བོས་ནས་ཚོགས་འདུ་འདིའང་རྒྱལ་ཡོངས་བོད་ཡིག་ཚགས་པར་དང་དུས་དེབ་མཐུན་སྦྱོར་ཚོགས་འདུ་ཞེས་བཏགས། སྐབས་དགུ་པ་དེ་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གིས་གཙོ་གཉེར་བྱས་ནས་གནའ་མཁར་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་མིང་ལ་རྒྱལ་ཡོངས་བོད་ཡིག་གསར་འགྱུར་རིགས་ཀྱི་ཚགས་པར་དང་དུས་དེབ་ལས་སྒོའི་མཐུན་སྦྱོར་ཚོགས་འདུ་ཞེས་བཏགས། སྐབས་བཅུ་པ་དེ་ཀྲུང་གོ་བོད་ལྗོངས་དུས་དེབ་ཁང་གིས་གཙོ་གཉེར་བྱས་ནས་པེ་ཅིང་དུ་འཚོགས་ཤིང་། སྐབས་དེར་ཚོགས་འདུའི་མིང་ལ་རྒྱལ་ཡོངས་བོད་ཡིག་གཏོང་སྦྱོར་མཐུན་སྦྱོར་ཚོགས་འདུ་ཞེས་བཏགས། དེ་ནས་རིམ་པ་བཞིན་དུ་བོད་འབྲེལ་ས་ཁུལ་གྱི་ལས་ཁུངས་ཁག་གིས་གཙོ་གཉེར་བྱས་ནས་སྐབས་བཅུ་བདུན་པར་སླེབས་དུས། གངས་ལྗོངས་ཉི་གཞོན་དུས་དེབ་ཁང་གིས་གཙོ་གཉེར་བྱས་ནས་གྲོང་ཁྱེར་སྤོས་ངད་ལྡན་པའི་ཞིང་སྟེ་ཁྲེང་ཏུའུ་ནས་འཚོགས་ཤིང་། སྐབས་དེར་ཚོགས་འདུ་འདིའི་མིང་ལ་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཞེས་པར་བསྒྱུར། དེ་ནས་ད་ལྟའི་བར་དུ་མིང་དེ་རང་འཇགས་སུ་གནས། སྐབས་དེ་ནས་ཚོགས་ཞུགས་ལས་ཁུངས་རྒྱ་བསྐྱེད་བཏང་ནས་བོད་ཡིག་ཚགས་པར་ཁང་དང་དུས་དེབ་ཁང་རྐྱང་པ་མིན་པར། བོད་འབྲེལ་ས་ཁུལ་གྱི་རླུང་འཕྲིན་བརྙན་འཕྲིན། བོད་སྐད་ཡིག་བྱ་བའི་ལས་ཁུངས་སོགས་ལས་ཁུངས་ཁག་མང་པོ་འཛོམས་ནས་བོད་སྐད་ཡིག་འཕྲིན་སྦྱོར་བརྩམས་ཆོས་ཕུལ་བྱུང་ལ་ཞིབ་དཔྱད་དང་གཟེངས་བསྟོད་བྱ་རྒྱུ། འཕྲིན་སྦྱོར་ལས་དོན་པས་མང་ཚོགས་དང་ཁ་ཐག་ཉེ་བ་དང་། བོད་འབྲེལ་ས་ཁུལ་ལ་ཞབས་འདེགས་ཞུ་བའི་ནང་དོན་སྤུས་ལེགས་མང་པོ་གསར་རྩོམ་བྱ་རྒྱུར་སྐུལ་ལྕག་དང་སྤེལ་རེས་སྟེགས་བུ་བཙུགས་ནས་ཚོགས་ཞུགས་སྐུ་ཚབ་ཀྱིས་འཕྲིན་སྦྱོར་མཉམ་འདྲེས་དང་། ནང་དོན་གསར་གཏོད་སོགས་གྲོས་གཞིའི་ཐད་ནས་ཉམས་མྱོང་མཉམ་སྤྱོད་དང་ཐབས་ཇུས་གྲོས་མོལ་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཞིང་བོད་སྐད་ཡིག་གི་སྲོལ་རྒྱུན་འཕྲིན་སྦྱོར་དང་དེང་རབས་འཕྲིན་སྦྱོར་ཟུང་འབྲེལ་བྱས་ནས་དུས་རབས་ཀྱི་གོམ་སྟབས་དང་འགྲོགས་ནས་བོད་ཀྱི་སྐད་ཡིག་གི་བསྟན་པ་དར་རྒྱས་ཀྱི་སླད་དུ་འཕྲིན་ལས་རླབས་ཆེའི་རྒྱུན་བསྐྱངས།
རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུར་འཕྲིན་སྦྱོར་ཐ་སྙད་གཅིག་གྱུར་བྱས་ཚུལ།
འཕྲིན་སྦྱོར་ཞེས་པ་ནི(media媒体)ཞེས་པ་འདི་བོད་འགྱུར་བྱས་པའི་ཐ་སྙད་ཅིག་རེད། འདི་ལ་ཐོག་མར་ལྗོངས་ཞིང་ལྔའི་བོད་ཡིག་འཕྲིན་སྦྱོར་ཚོགས་འདུར(སྨྱན་སྦྱོར)ཞེས་བསྒྱུར་ནས་ལོ་གཅིག་གཉིས་ལ་བེད་སྤྱོད་བཏང་། དགེ་རྒན་མང་པོའི་དགོངས་ཚུལ་ནི། འདུལ་གཞུང་དག་ཏུ་སྨྱན་སྦྱོར་ཞེས་པ་ནི་ཕོ་མོ་ཕན་ཚུན་སྦྱོར་བ་ལ་གོ་བས་སྨྱན་སྦྱོར་ཞེས་པ་སྤྱོད་མི་རུང་ཞིང་སྨྱན་བྱད་ཞེས་པར་བསྒྱུར། དེ་རྗེས་ལས་ཁུངས་མང་པོས་རང་མོས་ཀྱི་སྒོ་ནས་སྨྱན་སྦྱོར་དང་སྨྱན་བྱད་ཞེས་པ་ཅི་འདོད་སྤྱད་པར་གྱུར། དེ་རྗེས་སྐབས་ཉི་ཤུ་པ་དེ་མཚོ་ལྷོ་ཚགས་པར་ཁང་སོགས་ཀྱིས་གཙོ་གཉེར་བྱས་ནས་མདོ་སྨད་ཆབ་ཆ་རུ་འཚོགས། ཚོགས་འདུ་དེའི་སྟེང་ན་ཐ་སྙད་གཅིག་གྱུར་ཚོ་ཆུང་དུ媒体ཞེས་པ་དེར་ཡང་སྙིང་ཐ་སྙད་གང་འདྲ་ཞིག་སྤྱད་ན་འོས་འཚམས་ཡིན་མིན་སྐོར་ལ་གྲོས་བསྡུར་མང་པོ་བརྒྱུད་མཐར། སྐབས་དེར་འཛོམས་པའི་ཆེད་མཁས་པ་མང་པོའི་དགོངས་ཚུལ་དང་། ཉེ་ལམ་བོད་ཀྱི་གསར་བྱུང་ཐ་སྙད་རྒྱུན་བཀོལ་མིང་མཛོད་རྩོམ་སྒྲིག་ཚན་ཆུང་གིས་གཏན་འབེབས་གནང་བ་ལ་གཞི་བཅོལ་ནས媒体ལ་འཕྲིན་སྦྱོར་ཞེས་བཀོལ་དགོས་པ་གཅིག་གྱུར་གཏན་འབེབས་བྱས། འཕྲིན་སྦྱོར་ཞེས་པ་འདི་ནི་ཐ་སྙད་རྙིང་པ་ཞིག་གིས་བསྟན་དོན་གསར་པ་ཞིག་བསྟན་ནས་བརྡའམ་གནས་ཚུལ་རྣམས་སྐྱེལ་བར་བྱེད་པའི་ལག་ཆ་ཞིག་ལ་གོ་ཞིང་། ཚགས་པར་རམ་བརྙན་འཕྲིན་ནམ་རྒྱང་སྒྲོག་གམ་འགྲེམ་བརྡ་ལྟ་བུའོ་ཞེས་མིང་མཛོད་དེ་ལས་འགྲེལ་བརྗོད་གནང་ཡོད་པ་ལྟར་ཡིན་ལ། བོད་ཀྱི་སྲོལ་རྒྱུན་འཕྲིན་སྦྱོར་ནི་གཙོ་བོ་ཚགས་པར་དང་དུས་དེབ། རྒྱང་བསྒྲགས། བརྙན་འཕྲིན་སོགས་ཀྱི་ཐབས་ལ་བརྟེན་ནས་གསར་བྱུང་གི་ཆ་འཕྲིན་དག་དུས་ཐོག་ནས་བརྒྱུད་སྒྲོག་བྱས་པ་ཞིག་རེད། མི་ཚང་མས་དེང་རབས་འཕྲིན་སྦྱོར་གསར་པ་མ་བསླེབ་གོང་གཙོ་བོ་ཚགས་པར་དང་དུས་དེབ། རྒྱང་བསྒྲགས། བརྙན་འཕྲིན་སོགས་ལ་བརྟེན་ནས་ཆ་འཕྲིན་ཤེས་རྟོགས་དང་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་པ་རེད། དེ་དག་ནི་སྲོལ་རྒྱུན་འཕྲིན་སྦྱོར་རེད། འདི་ལྟར་འཕྲིན་སྦྱོར་ཞེས་པ་གཏན་ལ་ཕབ་རྗེས་མདོ་ཁམས་ཕྱོགས་སུ་འཕྲིན་སྦྱོར་ཞེས་པ་འདི་ནི་རྒྱུགས་ཆེ་བ་བྱུང་བས་ད་ལྟར་ཡོངས་གྲགས་སུ་འཕྲིན་སྦྱོར་ཞེས་པ་འདི་བེད་སྤྱོད་བྱེད་བཞིན་ཡོད་ལ། ད་དུང་ལས་ཁུངས་ཐ་ཐོར་གྱིས་སྨྱན་སྦྱོར་ཞེས་པ་འདིའང་བེད་སྤྱོད་བྱེད་བཞིན་ཡོད་དོ།།
རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པ་འཚོགས་ཚུལ།
རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་་ཚོགས་འདུ་སྐབས་ཉེར་གསུམ་པ་དེ་ཁམས་པའི་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་ནས་སྤྱི་ལོ2025ལོའི་ཟླ10པའི་ཚེས27ཉིན་ནས་ཚེས31ཉིན་བར་སི་ཁྲོན་ཁྲེང་ཏུའུ་རུ་འཚོགས་པ་རེད། ཚོགས་འདུ་རུ་པེ་ཅིང་དང་བོད་ལྗོངས། སི་ཁྲོན། མཚོ་སྔོན། ཡུན་ནན། ཀན་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་བོད་སྐད་ཡིག་འཕྲིན་སྦྱོར་ལས་ཁུངས36གི་འཕྲིན་སྦྱོར་ལས་སྒྲུབ་པ་བརྒྱ་ལ་ཉེ་བ་ཞིག་གདན་ཐོག་གཅིག་ཏུ་འཛོམས་ནས་བོད་སྐད་ཡིག་འཕྲིན་སྦྱོར་གྱི་འཕེལ་རྒྱས་གསར་གཏོད་དང་། རིག་གནས་འཛིན་སྤེལ། འཕྲིན་སྦྱོར་མཉམ་འདྲེས་ལག་ལེན་སོགས་ཀྱི་གྲོས་གཞི་གཙོ་བོར་དམིགས་ཏེ། འགོ་ཚུགས་མཛད་སྒོ་དང་། གཙོ་དོན་གླེང་སྟེགས། ཞིབ་དཔྱད་གྲོས་བསྡུར། ཡུལ་དངོས་རྟོག་ཞིབ། གསོ་སྦྱོང་སྤེལ་རེས། མཇུག་སྒྲིལ་མཛད་སྒོ་སོགས་བརྒྱུད་ནས། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་འཕྲིན་སྦྱོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ངོས་འཛིན་གཅིག་མཐུན་མང་པོ་བྱུང་བ་དང་སྒུལ་ཤུགས་ཆེན་པོ་བསྩལ་བ་རེད།
ཐེངས་འདིའི་རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་བདེ་བླག་ངང་གཉེར་བ་དེས་རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་ལ་ཕན་ནུས་ཆེ་བའི་སྤེལ་རེས་སྟེགས་བུ་བཙུགས་པར་མ་ཟད། ལམ་སྲོལ་གསར་གཏོད་དང་། ནང་དོན་གསར་འགོད། རིག་གནས་བརྒྱུད་འཛིན། འཕྲིན་སྦྱོར་མཉམ་འདྲེས་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་མང་པོ་ཆགས་ནས། བོད་སྐད་ཡིག་འཕྲིན་སྦྱོར་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་བཏང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་འཛིན་སྐྱོང་སྤེལ་གསུམ་ལ་རོགས་རམ་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་དང་། བདེན་སྲུང་གསར་གཏོད་ཐོག་ནས་འཕེལ་རྒྱས་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་རིག་གནས་སྤེལ་བ་ཁྲིད་སྟོན་དུ་བཟུང་སྟེ། ཚོགས་འདུའི་ལས་འགན་གཙོ་བོ་ཁ་གསལ་བཏང་བ་སྟེ། ཚགས་པར་དང་དུས་དེབ། རླུང་འཕྲིན་ལེ་ཚན། བརྙན་འཕྲིན་ལེ་ཚན་སོགས་ཁག་བཅུ་ཡི་བོད་སྐད་ཡིག་འཕྲིན་སྦྱོར་བརྩམས་ཆོས་ཕུལ་བྱུང་ལ་ཞིབ་དཔྱད་དང་གཟེངས་བསྟོད་བྱས་ཤིང་། འཕྲིན་སྦྱོར་ལས་དོན་པས་མང་ཚོགས་དང་ཁ་ཐག་ཉེ་བ་དང་། བོད་འབྲེལ་ས་ཁུལ་ལ་ཞབས་ཞུ་སྒྲུབ་པའི་ནང་དོན་སྤུས་ལེགས་མང་པོ་གསར་རྩོམ་བྱ་རྒྱུར་སྐུལ་ལྕག་དང་སྐད་ཡིག་འཕེལ་རྒྱས་ཀྱི་ཐབས་ཚུལ་བཟང་པོ་རྒྱུན་བསྐྱངས་ནས་འཕྲིན་སྦྱོར་མཉམ་འདྲེས་དང་། ནང་དོན་གསར་གཏོད་སོགས་གྲོས་གཞིའི་ཐད་ནས་ཉམས་མྱོང་མཉམ་སྤྱོད་དང་ཐབས་ཇུས་གྲོས་མོལ་བྱས་ཤིང་། རྒན་རབས་པ་དག་གིས་དཀའ་ཚེགས་སྐུ་ངལ་ལ་མ་འཛེམ་པར་གལ་ཆེན་རང་བཞིན་གྱི་ཚོགས་འདུ་འདི་འདྲ་ཞིག་དབུ་བཙུགས་ཐུབ་པར་མ་ཟད། བགྲང་བྱ་ཉེར་བདུན་རིང་ལ་རྒྱུན་བསྐྱངས་ནས་ཡོང་བའི་མཛད་པ་འདི་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་ངོ་མཚར་བའི་བྱས་རྗེས་དེ་ཚོ་ཕྱིར་དྲན་བྱས་ཤིང་བོད་སྐད་ཡིག་གི་འཕྲིན་སྦྱོར་ལས་ཀ་གཉེར་བཞིན་པའི་གཞོན་རབས་པ་དག་ལ་མུ་མཐུད་དེ་བོད་སྐད་ཡིག་གི་འཕྲིན་སྦྱོར་འཕེལ་རྒྱས་ལ་ཕྱོགས་སོ་སོ་ནས་ཤུགས་ཡོད་དགུ་འབུལ་དགོས་པའི་སྐུལ་སློང་བཟང་པོ་ཐེབས་པའོ།། །།
༼ ཨོ་རྒྱན་དོན་གྲུབ་ཀྱིས་བྲིས། ༽
