( ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་དགུ་བཅུ་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)༈།ཡང་སེར་བ་གདོང་བཟློག་བྱེད་ན། རང་གཤིན་རྗེའི་གཤེད་ནག་པོ་རལ་གྲི་དང་མེ་ཞགས་ཐོགས་པ་ཁྲོ་ཚུལ་དུར་ཁྲོད་ཀྱི་ཆས་ཅན་བརྐྱངས་བསྐུམས་གྱིས་རི་རབ་ཀྱི་སྟེང་དུ་བཞུགས་པར་བསམ་ལ་སྔགས་བཟླས་ཤིང་སེར་བ་གང་ནས་འོང་ཕྱོགས་སུ་ཕུ་བཏབ་པས་བར་སྣང་ཐམས་ཅད་ཁྲོ་བོ་དང་མེ་རླུང་གིས་སེར་བ་གཏོར་བར་བསམ།ༀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཀརྨ་ཪཾ་ཪཾ་སེར་བ་བཟློགཿསྔགས་འདི་བརྒྱ་རྩ་བརྒྱད་རེ་བཟླས་ལྕགས་ཕྱེ་རྡོ་ཕྱེ་ཟངས་ཕྱེ་ཐལ་ཆེན་ཡུངས་དཀར་རྣམས་ལ་སྔགས་བཏབ་སྟེ་བཞག།སེར་བ་ཡོང་དུས་གཏོར་བས་ཐུབ་ངེས་ཟབ།པད་གླིང་གཏེར་མའོ།༈།ཡང་སེར་བ་བཟློག་པའི་སྔགས། ༀ་ཨཱཿཧཱུྃ་ཆར་ནི་ཆུར་ནི་སྭཱ་ཞེས་བཟླས་པས་གཅོད་གཏེར་མ་ཟབ་བོ།༈།ཉང་གཏེར་མཁའ་འགྲོའི་ལས་ཚོགས་སེར་སྲུང་ནི།རང་ཕག་མོར་གསལ་བའི་ཞལ་ནས་རླུང་དང་འཚུབ་མས་སྤྲིན་དང་འབྱུང་བོ་བྱེ་བར་བསམ་ལ། ༀ་ཨཱཿཧཱུྃ་ཧྲཱཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཆར་ཡ་ཆར་ཡར་མ་ནི་མཱ་ར་ཡ་ཤིག་བཟློགཿཞེས་བཟླས་སྡིག་མཛུབ་ཀྱིས་གང་དུ་ལམ་བསྟན་པར་མཛུབ་རིས་བྱ་ཞིང་ཕུས་བཏབ་པས་གཅོད་དོ་ཟབ་བོ་ཞེས་དང་། སེར་བ་འདི་རྒྱུན་དུ་གསེར་སྐྱེམ་སོགས་ཕུལ་ལ་ཞི་བས་བསྒྱུར་བ་ལས་གལ་ཆེ་དུས་རེ་ཟུང་མ་གཏོགས་ཡིན་དྲག་སྔགས་ཀྱིས་བཟློག་ན་སྡེ་བརྒྱད་དང་འགྲས་པ་འོང་བས་གཟབ་པར་བྱའོ།།ཞེས་པ་ལྟ་བུ་དང་། ཡང་དེ་ཉིད་དུ། ལོ་ནད་བཙའ་སྲུང་ན་གཡའ་རྡོ་དང་གཙང་ཆེན་འགྲམ་གྱི་བྱེ་མ་ཤ་རུའི་ཐལ་བ། གླ་བའི་བྲུན་ནམ་སྤུ་རྣམས་ལ་སྔགས་འདི་བཟླས་བཏབ། ༀ་ཨཱཿཧཱུྃ་མེ་ཁུ( མེ་ཁ་སོདའང )སོ།།པུ་ཤེལ་ཀ་ལི་ནན།།ཐུཾ་བྲུཾའང་བཾ་སཾ( བྷེའང )རི་ན་སོང( སད་ཀྱང)སྭཱ་ཧཱ།ན་མའི་རིགས་ལ་ཞིང་ལ་གཏོར་ན་བཙའ་སང་བར་འགྱུར་རོ།།ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ།༈།ཡང་བཙའ་སྲུང་ལ། ༀརཏྣ་ཙ་ཏྲི་ན་ཕུད།འདི་ཤུག་པའི་ཕུར་པར་བྲིས། ༀ་གར་ན་ཙ་ཏྲིན་ཁྲོལ། འདི་སྟག་པའི་ཕུར་པ་ལ་བྲིས། ༀ་གརྦྷ་ར་ན་ཤིག། འདི་སྐྱེར་པའི་ཕུར་པ་ལ་བྲིས། ཡེ་དྷར་བརྒྱ་རྩས་རབ་གནས་བྱ་དེ་འགོམ་ཡུག་མ་སོང་བ་རིམ་པར་ཞིང་གི་མགོ་ཞབས་བར་གསུམ་དུ་བྲུས་པའི་ནང་དུ་རྡོ་སྒྲོམ་ཆུ་མི་ཐར་བ་དམ་ཆས་བྱས་ལ་སྦས་པས་དེས་བཙའ་ངེས་པར་ཐུབ་སྟེ་རྒྱ་གར་ཨ་ཙ་རའི་མན་ངག་ལག་བླངས་མའོ།
གསུམ་པ་ལོ་ལེགས་པའི་སྔ་ལྟས་དང་སོ་ནམ་གྱི་དུས་རྟགས།
༈།ཡང་བཙའ་སྲུང་བའི་སྔགས། ༀ་མི་ལ་མི་ལི་ཏྲི་སྭཱ་ཧཱ། ས་བསྔགས་ལ་གཏོར་བས་ཕན་ནོ།༈།ཡང་བཙའ་སྲུང་སྔགས་ༀ་ད་ན་ད་ནཿཙི་ལི་ཙི་ལིཿཙུ་རུ་ཙུ་རུཿསུ་རུ་སུ་རུ་སྭཱ་ཧཱཿཁྲི་གསུམ་བཟླས་ནས་སྙེ་མ་མདུང་རིགས་ཡང་དུས་བྱེ་མ་ལ་སྔགས་ཏེ་གཏོར་ན་ཞག་གསུམ་ནས་བཙའ་ཐམས་ཅད་སང་འགྲོའོ།།ཞེས་གསུངས་ཡོད་པ་ལྟ་བུ། ཡུལ་ལུང་འདི་ལ་མཚོན་ན། སྔོན་ཆད་ཆར་འབེབས་པ་དང་། སད་དང་སེར་སྲུང་པ། བཙའ་འདོན་པ་སོགས་ལོ་དགྲ་བཟློག་པའི་སྐུ་རིམ་རྣམས་དམིགས་བརྩེ་མའི་ལས་ཚོགས་ལ་བརྟེན་ནས་བྱེད་པ་མང་ལ། དེ་དག་གི་ཆོ་གའི་ཕྱག་ལེན་དང་གནས་ལུགས་རྒྱུ་མཚན་རྣམས་དམིགས་བརྩེ་མའི་ལས་ཚོགས་བཅུ་གཅིག་ནག་འགྲོས་སུ་བཀོད་པ་ཞེས་པ་ལྟ་བུ་སོགས་ཆོ་གའི་གསུང་རབ་དག་ན་རྒྱས་པ་གསལ་བས་འདིར་ཡིག་ཚོགས་བསྡུས་ཕྱིར་མ་སྤྲོས་སོ།།
སྲིད་པ་ཆགས་པའི་གངས་རྒན་ཡིན་གྱི་ད་ནངས་གཞོལ་བའི་བ་མོ་མིན་ཞེས་པའི་དཔེ་ལྟར་བདག་ཅག་གི་རིགས་ནི་ལོ་རྒྱུས་ཤིན་ཏུ་ཡུན་རིང་ཞིང་འགྱུར་ལྡོག་བརྟན་ལ་ལྷད་དྭངས་བ་དང་། མི་ཆོས་སྲིད་ཀྱི་བསྟན་པ་དགུང་ལ་འཕྱུར་མྱོང་ཞིང་ལྷ་ཆོས་དགེ་སྡིག་ལྟ་གྲུབ་བདེན་པའི་མཐར་གཏུགས་ཐུབ་པ་ཞིག་སྟེ། སྲིད་པ་ཆགས་ནས་ད་ལྟའི་བར་དུ་གངས་ཅན་མཐོ་སྒང་ན་འཚོ་གནས་བྱེད་པའི་བརྒྱུད་རིམ་དུ་ལུགས་གཉིས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་རྒྱ་མཚོའི་འཇིངས་ལྟར་ཟབ་ཅིང་ནམ་མཁའི་དབྱིངས་བཞིན་ཡངས་པ་བསོགས་ཡོད། མ་འོངས་པའི་ལོ་འཁོར་དུ་ལོ་ཏོག་ལ་མི་མཐུན་གེགས་དང་མཐུན་པའི་རྐྱེན་གང་འདྲ་འབྱུང་མཐར་འབྲས་བུ་ཇི་ལྟར་ཐོབ་མིན་ལ་དཔགས་པ་ནི་རྒྱ་མཚོ་དེའི་ཐིགས་པ་ཙམ་ཡིན་མོད། དེ་ལའང་ཉི་མ་ཟླ་མའི་འཁོར་འགྲོས་དང་། གཟའ་དང་སྐར་མའི་འཕྲོད་སྦྱོར་སོགས་ལ་བརྟེན་ནས་བརྟག་པའི་རིག་པའི་གཞུང་ལུགས་གཞན་དྲིང་མི་འཇོག་པ་ཡོད་པར་མ་ཟད། ཆུ་དང་ཆབ་རོམ་གྱི་འཕེལ་འགྲིབ་དང་། རྩྭ་དང་རྩི་ཤིང་གི་འགྱུར་ལྡོག། བྱ་དང་རི་དྭགས་ཀྱི་རྣམ་འགྱུར་སོགས་ལ་བལྟས་ནས་བརྟག་པའི་འཚོ་བའི་ཉམས་མྱོང་ཡང་གྱ་ནོམ་པ་བསོགས་ཡོད། དཔེར་ན། 《རྒྱ་བོད་ཀྱི་ནོར་རྫས་ཀྱི་རིགས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ》ལས། དེ་ཡང་ཕབ་ཆར་གཉིས་ལ་ལྟས་མེད་པར།།གློ་བུར་འབྱུང་བ་སྲིད་དེ་རྐྱེན་གྱིས་འགྱུར།།གང་དུ་གྲོགས་འགྱུར་སྲོག་ཆགས་ཚང་འཆའ་ཞིང་།།དེར་ནི་མི་གནས་རིང་དུ་བགྲོད་གྱུར་ན།།ངེས་པར་ཞག་བདུན་ནང་དུ་ཆར་ཆེན་འབབ།།མཚོ་ཡི་དྲོད་རྒྱས་ཉ་དང་ཉ་ཕྱིས་སོགས།།ཆུ་དེར་མི་གནས་དེར་འབབ་ཆུ་ཀླུང་ལ།།གྱེན་དུ་རྒྱུགས་ཚེ་ཞག་ལྔའི་ནང་དུ་ཡོང་།།འདབ་ཆགས་ཀ་རཎྜ་དང་པུ་ཤུད་སོགས།།ཟུར་ཕུད་ཅན་རྣམས་ཡུན་རིང་སྒྲ་སྒྲོག་ན།།དེ་ཚེ་ཞག་གསུམ་ནང་དུ་ཆར་འབབ་བོ།།རི་ཡི་སྐེད་པར་ན་བུན་དཀར་པོ་ཡིས།།སྐ་རགས་བཅིངས་འདྲའི་རིམ་པ་གཉིས་སམ་གསུམ།།བྱུང་ཚེ་ཆར་ཆེན་འབབ་པར་ཐེ་ཚོམ་མེད།།སྐ་རགས་བཅིངས་ལྡན་ཉིན་ཞག་གཅིག་ན་འབྱུང་།།ནམ་ལངས་དུས་ན་ཤར་ཕྱོགས་སྤྲིན་དམར་ནི།།ཐག་དམར་འཐེན་འདྲ་ནུབ་ཏུ་རྒྱུགས་པ་ནི།།དཀར་ཕྱོགས་ལྷ་ཡི་ཕབ་ཆར་མྱུར་དུ་ཡོང་།།ཤར་ལྷོའི་མཁའ་ལ་བལ་འདབ་བརྩེགས་འདྲ་ཡི།།སྤྲིན་རྩ་འདབས་འབྲེལ་བུ་གུ་མེད་པ་ནི།།བྱུང་ཚེ་ཉིན་ཞག་གཅིག་ནང་ཆར་འབབ་བོ།།ཤར་ཕྱོགས་མཁའ་ལ་ལུག་གི་ལྟོ་ཚིལ་འདྲ།།སྤྲིན་དཀར་འདབ་ལེགས་བརྩེགས་པ་མི་རིང་དཀར།།བྱ་ར་བྱེད་འདྲའི་གཟུགས་བརྙན་གང་གྱུར་ན།།ཉིན་མོ་དེ་ཉིད་ཟད་དེ་ཆར་བབ་བོ།།ཡང་ན་དཀར་སེར་ཉི་མ་འཆར་ཀ་ཡི།།ཕྱེ་མ་ལེབ་ཀྱི་གཤོག་པ་རྒྱས་འདྲ་ཡི།།འཇམ་སྤྲིན་སྙོམས་ལེགས་ཤར་ཕྱོགས་ཁེབས་གྱུར་ན།།དེ་ཚེ་མྱུར་དུ་ཆར་ཆེན་འབབ་པར་ངེས།།འཇའ་ཚོན་ཁ་དོག་སྣ་ཚོགས་རིམ་པ་ནི།།ཤར་དུ་ཟུག་ན་ཆར་འབབ་ནུབ་ཏུ་ཆད།།དངུལ་ཆུ་འོ་མའི་མདོག་འདྲ་ཟླ་བ་ཁྱིམ།།དེ་ཚེ་རིང་དུ་མི་ཐོགས་ཆར་ཆེན་འབབ།།ཞིབ་པར་བརྟག་ན་དགུན་ཉི་ལོག་པ་ཡི།།ཉིན་ནས་རྩིས་བཟུང་དབྱར་ཉི་ལོག་དུས་དང་།།སྦྱར་བའི་ཞག་རྩིས་མ་ནོར་རིམ་པ་ལས།།གཤེར་དང་ཁ་བ་གང་འབབ་དག་འགྱུར་རོ།།ཞེས་པ་ལྟ་བུ་རྩིས་དང་བསྟན་བཅོས་དག་ན་ཕུན་སུམ་ཚོགས་པར་བསྟན་པ་དང་།དེ་བཞིན་ཡུལ་འདིའི་ཞིང་པ་སོ་ནམ་གྱི་ཉམས་མྱོང་རྒན་པ་རྣམས་ཀྱིས་ཀྱང་རང་ས་རང་ཡུལ་གྱི་ཡུལ་དུས་དང་མཐུན་པའི་ཉི་རྟགས་ཆུ་རྟགས་དོན་ལ་གནས་པ་ཤིན་ཏུ་མང་པོ་ཡོད་པ་དཔེར་ན་ལོ་ལེགས་བརྟག་པ་ལ། དགུན་ཁར་གཙང་ཆུར་ཆབ་རོམ་ཐོག་མར་ཆགས་དུས་འཕྱོ་བའི་འཁྱགས་སོབ་ཉིན་བདུན་ཡན་མན་ཡུན་རིང་བཤར་ན་ཕྱི་ལོའི་ལོ་ཐོག་བཟང་བ་དང་། ཉིན་གཅིག་གཉིས་ལས་མི་བཤར་བའམ་བར་དུ་ཆད་དེ་བཤར་ལ་མི་བཤར་བ་བྱུང་ན་ལོ་ཐོག་མི་བཟང་བར་བརྩི། དགུན་གཞུང་དུ་གྲོང་པ་སོ་སོས་རང་གི་རྟགས་མཚན་གཟུང་སའི་ཆུ་དང་ཆུ་མིག་ལ་ཆབ་རོམ་ཆེན་པོ་དང་རིང་པོ་ཆགས་ན་ལོ་ཕྱི་མར་ལོ་ལེགས་ཡོང་རྟགས་དང་ཉུང་ངུ་ལས་མ་འཆགས་ན་ངན་རྟགས་བརྩི། ཕྱི་ལྷགས་རྒྱག་ཅེས་དགུན་ཟད་མཐར་གྲང་ངར་དང་ལྷགས་པ་ཕྱིར་ཇེ་ཆེར་གྱུར་པ་དང་ཆུར་ཆུ་རླངས་མང་པོ་འཁྲིགས་ན་ཕྱི་ལོར་ལོ་ཐོག་བཟང་ལྟས་སུ་བགྲངས། ཆབ་རོམ་ཞུ་སྐབས་ཆུ་ལོག་ཆེན་པོ་བྱུང་ན་ལོ་ལེགས་དང་མ་བྱུང་ན་མི་ལེགས་པའི་ལྟས་སུ་བགྲངས་པ་སོགས་ཆུ་ལ་བལྟས་ནས་བརྟགས་པ་དང་། ནམ་ཟླ་ཤིན་ཏུ་དྲོ་བའི་དབྱར་དུས་ནམ་མཁའ་གཡའ་དག་ཅིང་ཉི་འོད་ཤིན་ཏུ་ཚ་བའི་སྐབས་སུ་ཏྲེ་ཆུའི་མཁར་གསེར་འོད་ཀྱི་ཐིགས་པ་མང་པོ་འཚེར་བ་ལ་ཡུལ་མིས་འདྲེ་ཡིས་ས་བོན་འདེབས་པ་རེད་ཅེས་བརྗོད་ཅིང་ལོ་ལེགས་ཡོང་བའི་རྟགས་ཤིག་ཏུ་བརྩིས། དེ་ནི་ཧ་ལམ་ཚ་དྲོད་དབང་གིས་གཙང་ཆུའི་མཁའ་ལ་རླངས་པ་འཕྱུར། རླངས་ཐིགས་ལ་ཉི་འོད་ཕོག་ནས་སེར་འོད་ཐིགས་པ་འབབ་པའི་རྣམ་པ་དོད། རླངས་པ་དེ་དག་གིས་ལོགས་གཉིས་ཀྱི་མཁའ་ཡི་བཞའ་ཚན་རྒྱས་ཤིང་ཞིང་གི་ལོ་ཏོག་བངས་བས་ཡིན་ཤས་ཆེ་འདུག་སྙམ་སྟེ་ཐོལ་བྱུང་གི་བསམ་ཚུལ་ཙམ། སྤྱིར་བཏང་ཡུལ་འདི་ན་གཙང་ཆུ་དང་ཁ་ཐག་ཉེ་བའི་སྲིན་ཕྱོགས་ཀྱི་རི་ཀླུང་རྣམས་གཙང་ཆུ་དང་བར་ཐག་རིང་པའི་ཉིན་ཕྱོགས་ལས་དཔྱིད་ཀར་སྔོ་དྭངས་སྔ་ཞིང་དབྱར་ཀར་རྩྭ་དང་རྩི་ཤིང་འབེལ། དེ་བཞིན་དུ་སྟོན་རྒྱབ་ལ་ལྕང་མ་སོགས་ཤིང་གི་ལོ་མ་ཤིན་ཏུ་སེར་པོར་གྱུར་ནས་ས་ལ་ལྷུང་ན་ཕྱི་ལོར་བཟང་ལྟས་དང་། སྔོ་སྐྱར་བསྐམས་ནས་ལྷུང་ན་མི་བཟང་བའི་ལྟས་སུ་རྩི་བ་སོགས་ཤིང་ལ་བལྟས་ནས་བརྟག་ཚུལ། ད་ལོར་འབུ་ཟི་ལྡིར་ར་མང་པོ་འཕུར་ན་སང་ལོར་ལོ་ལེགས་ཡོང་བའི་ལྟས་སོགས་འབུ་ལ་བརྟེན་ནས་བརྟག་ཚུལ། གཟའ་དང་སྐར་མའི་འཕྲད་སྦྱོར་ལ་བལྟས་ནས་བརྟག་པ་ལ་དཔེར་ན་དཔའ་མོའི་ལག་སོར་འཕྲད་ཚུལ་བརྟག་པ་ཞེས་བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཁ་གྲངས་སུ་ཟླ་བ་ཤར་དུས་ཞིང་པ་ཚོས་མིང་ལ་དཔའ་མོ་ཞེས་འབོད་པའི་སྐར་ཚོགས་ཤིག་དང་འཕྲོད་སྟངས་ལ་བརྟག་པ་སྟེ། གྲོང་པ་ལ་ལས་ཉི་ཤུ་བདུན་གྱི་འཕྲད་ཚུལ་ནི་འབྲོག་ལས་ཀྱི་ལྟས་དང་། ཉི་ཤུ་བརྒྱད་ཀྱི་འཕྲད་ཚུལ་ཞིང་པའི་ལྟས་སུ་བརྩི། སྐར་མ་དཔའ་མོ་ཞེས་པ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ཀྱི་བོན་ཤེས་པ་ཅན་བཅུ་གཉིས་ཞེས་བྱ་བའི་ནང་གསེས་སྐོར་ཤེས་རྩིས་མཁན་རྣམས་ཀྱིས་བཏགས་པའི་མིང་ལ་སྐར་མ་ལག་སོར་རམ་ལྷ་མཚམས་ཞེས་སྡིག་སྲིན་གྱི་དབྱིབས་དང་མཚུངས་ཤིང་། མིའི་ལག་པའི་སོར་མོ་བགྲད་ཅིང་དཔུང་ཁུག་གྲུ་མོ་ནས་བཀུག་པའི་དབྱིབས་དང་ཡང་འདྲ་བའི་སྐར་ཚོགས་བོད་ལུགས་སུ་གནམ་གཤིས་འཁྱག་པའི་མཐིལ་གྱི་དགུན་ཟླ་བཅུ་གཅིག་པར་ཤར་བ་ཞིག་སྟེ། ལག་སོར་ཐེངས་གསུམ་ཞེས་ནམ་སྨད་ཤར་བའི་ཟླ་བ་དང་བོད་ཟླ་བཅུ་གཅིག་པ། བཅུ་གཉིས་པ། ཕྱི་ལོ་ཟླ་བ་དང་པོ་བཅས་ཐེངས་མ་གསུམ་འཕྲད་ཅིང་། དེ་ལས་ཞིང་པ་ཚོས་ལོ་ལེགས་ཡོང་མིན་ནི་གཙོ་བོ་ཟླ་བ་བཅུ་གཅིག་པའི་འཕྲད་ཚུལ་ལ་བརྟག་པ་ཡིན། ཟླ་བ་བཅུ་གཅིག་པའི་ཉི་ཤུ་བདུན་གྱི་ནམ་སྨད་ཟླ་བ་ཤར་སྐབས་དཔའ་མོའི་མཛུབ་མགོའི་ཐད་དང་འཕྲད་ན་ལོ་དེར་འབྲོག་པ་ལ་བཟང་བ་སྟེ་ཕྱི་ལོར་དཀར་འོ་མ་ཤིན་ཏུ་འབེལ་བའི་ལྟས་དང་། ཉི་ཤུ་བརྒྱད་ལ་ཟླ་བ་ཤར་སྐབས་དཔའ་མོའི་མཛུབ་མགོའི་ཐད་དུ་འཕྲད་ན་ཞིང་པ་ལ་ཕྱི་ལོའི་ལོ་ཐོག་གི་འབྲས་བུ་མཛུབ་གུས་གཡོ་རྒྱུ་ཙམ་ལས་མི་ཡོང་པ་དང་། མཛུབ་མོའི་བར་གསེང་དུ་འཕྲད་ན་མཛུབ་མོའི་གསེང་ནས་འཇུར་བ་ཞིག་ཡོང་བ། ལག་མཐིལ་དང་འཕྲད་ན་ལག་མཐིལ་ལ་བཞག་ནས་བལྡག་རྒྱུ་ཙམ་ལས་མི་ཡོང་བ། ལག་ངར་གདུ་བུའི་ཐད་ནས་འཕྲད་ན་ལོ་ཏོག་ཞན་པ་བཅས་ལྟས་མི་བཟང་བ་དང་། དཔུང་ཁུག་གི་ཐད་དང་འཕྲད་ན་དཔུང་པ་ཐང་ཆད་དགོས་པར་བརྔ་རྒྱུ་འབྱུང་བ་སྟེ་ལྟས་ཤིན་ཏུ་བཟང་པོར་བརྩི་སྲོལ་ཡོད། ཡུལ་གྱི་སྟོད་ཕྱོགས་སུ་ཟླ་བ་དཔའ་མོའི་སོན་མོའི་རྩེ་དང་འཕྲད་ན་སེན་མོ་མ་ཟད་བར་དུ་བརྔ་ཆོག་ཅེས་བཟང་ལྟས་སུ་བརྩིས་པ་ལྟ་བུ་ས་ཆ་སྟོད་སྨད་འཁོར་ལུགས་མི་འདྲ་བར་འཆགས་པའི་གྲོང་པ་དག་ལ་འཕྲད་ཚུལ་དེ་དག་ལྟས་བཟང་ངན་ཅུང་མི་འདྲ་བ་རེར་བགྲངས་པའི་ཁྱད་པར་ཅུང་ཙམ་རེ་ཡོད་ཅིང་། དེ་ནི་སོ་སོས་རང་ཡུལ་གྱི་གནས་ཚུལ་དང་བསྟུན་ནས་བརྟག་ཚུལ་ཞིབ་ཅིང་ཕྲ་རུ་བཏང་བ་ཞིག་ལས། སུ་འགྲིག་དང་སུ་ནོར་བའི་བརྡར་ཤ་གཅད་དགོས་པར་མ་སྣང་། ཡུལ་ལ་ལར་བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་དགོང་མོར་སྐར་མ་སྨིན་དྲུག་ཟླ་བའི་སྔུན་རྒྱབ་གཡས་གཡོན་གང་ལ་ཡོད་པར་བརྟེན་ནས་ལོ་ཕྱི་མའི་ལོ་ཏོག་བཟང་ངན་ལ་བརྟག་སྲོལ་ཡོད།དཔའ་མོའི་དབྱིབས་མཛུབ་གུ་བཞི་དང་མཚུངས་པ་ལ། ངག་རྒྱུན་དུ་དེས་སྐར་མ་སྐེད་འཁྱོག་སྟེ་སྨེ་བདུན་ནམ་བྱང་སྐར་སྤུན་བདུན་དང་འཛིང་ནས་ཕར་སྐེད་པ་འཁྱོག་ཏུ་བཅུག་པས་ཚུར་ཡང་མཛུབ་གཅིག་བཅད་སོང་བ་ཞེས་སྒྲུང་གཏམ་བཤད་པ་དང་། སྐར་མ་སྨིན་དྲུག་ནུབ་རི་ནས་ཡལ་རྗེས་སྐར་མ་དཔའ་མོ་ཤར་རིའི་རྩེ་ནས་བུད་པའི་ཡུལ་དག་ན་ལ།དེ་གཉིས་ལས་གཅིག་བུ་མོ་དང་
ཅིག་ཤོས་མནའ་མ་ཡིན་ཞིང་མི་མཐུན་པ་ཡིན་ཞེས་བརྗོད་སྲོལ་ཡོད་ཅིང་། དོན་དུ་ཕྱི་མ་དག་ལ་སྐར་ཚོགས་གཉིས་ཀྱི་སྤྱིའི་བཀོད་དབྱིབས་བཟོ་ལྟ་ལ་བརྟེན་ནས་ངོས་འཛིན་སླ་ཕྱིར་དང་འཇིག་རྟེན་མི་ཆོས་ལ་སྦྱར་ནས་དུས་ཚོད་རྟོགས་བདེ་ཕྱིར་དུ་ཐབས་མཁས་པའི་སྟོན་ཚུལ་ཞིག་ལས་མ་འདས།དེ་བཞིན་གཟའ་སྐར་སྤྲིན་རླུང་སོགས་ཀྱི་འགྱུར་ལྡོག་ལ་བལྟས་ནས་ཉིན་མཚན་རིང་ཐུང་དང་གནམ་གཤིས་བཟང་ངན་སོགས་ལ་བརྟག་ཚུལ་ཡང་ཤིན་ཏུ་མང་བ་སྟེ། དཔེར་ན། དཔའ་མོའི་དཔའ་རྩེ་བུད་དུས་མཛུབ་རྩེ་འཕྱིད་ཅེས་དང་དཔའ་མོའི་ལག་རྩེ་བུད་དུས་ལྷགས་པ་མདའ་ལས་ཚ་ཞེས་ཡུལ་འདི་ན་སྐར་མ་དཔའ་མོ་རི་རྩེ་ནས་བུད་དུས་དགུན་གྱི་གནམ་གཤིས་ཆེས་འཁྱག་པའི་མཐིལ་ལ་སླེབས་པ་བསྟན་ཞིང་། དེ་ནི་དེང་སང་དར་བཞིན་ཡོད་པའི་དགུ་དང་པོ་གཉིས་པ་བགྲང་ཚུལ་སོགས་དང་ཁྱད་པར་ཕལ་ཆེར་མེད་པ་དང་། དཔའ་མོ་ཅི་བཀྱགས་ཉི་མ་བཀྱགས་ཞེས་དཔའ་མོ་ཉིན་རེ་བཞིན་དུ་རི་རྩེ་ནས་ཇི་ཙམ་ཇེ་མཐོར་སོང་ན་ཉིན་མོའི་དུས་ཚོད་ཀྱང་དེ་ཙམ་ཇེ་རིང་དུ་འགྱུར་པ་བརྗོད་པ་སྟེ། ཡུལ་འདི་ནས་བལྟས་ན་དཔའ་མོ་ཉིན་རེ་བཞིན་དུ་ཤར་རི་རྩེ་མོ་ནས་ཡར་ཐག་ཇེ་རིང་དུ་ཇི་ཙམ་སོང་ན་ཉི་མ་ཡང་ཤར་ལྷོའི་རི་རྩེ་དང་ཐག་དེ་བཞིན་ཇེ་རིང་དུ་འགྲོ་བ་དང་། དགུན་ཁར་ཉིན་མོའི་དུས་ཚོད་ཆེས་ཐུང་དུས་ཉི་མ་ཤར་ལྷོའི་ཕྱོགས་ཀྱི་རི་རྩེ་དང་ཐག་ཆེས་ཉེ་པ་དང་དབྱར་ཀར་ཉིན་མོ་ཆེས་རིང་སྐབས་ཉི་མ་རི་རྩེ་ལས་ཡར་ཆེས་རིང་བར་བཀྱགས་པ་ཡིན་པས་དོན་དུ་སྐར་མའི་འགྱུར་ལྡོག་ལ་བལྟས་ནས་ཉིན་མོའི་དུས་ཚོད་རིང་ཐུང་ལ་དཔགས་པ་ལྟ་བུ་དང་། གནམ་གཤིས་བརྟག་པ་ལ། བྱ་ཀ་ཀས་བྱ་ཚང་ཤིང་སྡོང་གི་མཐོ་སར་བཅས་ཡོད་ན་ལོ་དེར་ཆར་ཆུ་དཀོན་པ་དང་དམའ་སར་བཅས་ན་ཆར་ཆུ་འབེལ་བའི་རྟགས། སྐྱུང་ཀ་སྔ་དྲོ་ལ་གྲགས་མང་ན་འབབ་རྟགས། ཤར་རླུང་ལྡངས་ན་འབབ་རྟགས་ཞེས་ཤར་ཕྱོགས་ནས་རླུང་བྱུང་ན་ཉི་མ་གཅིག་གཉིས་ཀྱི་ནང་ལ་ཆར་འབབ་སྲིད་པ་དང་ཕྱོགས་གཞན་གསུམ་པོ་ནས་ལྡངས་བ་ནི་འབབ་མི་ནུས་པའི་རྟགས་དང་། སྤྲིན་པ་ཤར་ནས་ནུབ་ཏུ་བཤར་ན་འབབ་རྟགས་དང་ནུབ་ནས་ཤར་དུ་བགྲོད་པ་ནི་གཡའ་དག་པའི་རྟགས་སུ་བརྗོད་ཅིང་། དོན་དུ་ཡུལ་ལུང་པ་སྤྱིའི་ཆགས་ཚུལ་ལ་ནུབ་ཕྱོགས་ཉི་མ་ཡལ་ས་ནས་སྤྲིན་པ་འཁྲིགས་ནས་ཆར་འབབ་མགོ་བརྩམས་ན་ཡུན་རིང་བབས་ཐུབ་པ་དང་གཞན་ཤར་དང་ལྷོ་དང་བྱང་གསུམ་པོ་ནས་འཁྲིགས་ཏེ་འབབ་རྟགས་ཐོན་ཡང་བབས་མི་ཐུབ་པའམ་ཡུན་རིང་མི་འབབ་པ་ཡིན། ནངས་སྔའི་སྤྲིན་དམར་ཆུ་དང་འདྲ། དགོང་ནུབ་མོའི་སྤྲིན་དམར་མེ་དང་མཚུངས་ཞེས་ཞོགས་པ་སྔ་མོར་མཚམས་སྤྲིན་འཁྲིགས་ཚེ་རླུང་འཚུབ་ཅིང་ཆར་འབབ་པ་སོགས་ཉིན་དེ་ལ་གནམ་གཤིས་མི་བཟང་བའི་རྟགས་དང་། ཕྱི་དྲོ་ཉི་མ་ནུབ་ཁར་མཚམས་སྤྲིན་འཁྲིགས་ན་ཕྱི་ཉིན་གནམ་གཤིས་དྭངས་བའི་རྟགས་དང་། ཏྲེ་ཤོད་མཐིལ་གྱི་ཞིང་པ་རྣམས་ཀྱིས་ཁ་བ་ལུང་རིས་དབུ་ཞྭ་གྱོན་པས་འབབ་རྟགས་ཞེས་ནམ་མཁའ་ཇི་ལྟར་གཡའ་དག་ཀྱང་རི་དེའི་རྩེ་ན་སྤྲིན་པ་ཞྭ་མོ་གྱོན་པ་བཞིན་དུ་འཁྲིགས་ན་ཆར་འབབ་པའི་རྟགས་སུ་བགྲངས་ཤིང་བབས་ཀྱང་ངེས། ཆར་པ་ཉི་མ་མང་པོའི་རིང་དུ་བབས་མཐར་ཁང་པར་ཟག་ཐིགས་མང་པོ་ཤད་པར་གྱུར་ན་མི་རིང་བར་ནམ་མཁའ་གཡའ་དག་པའི་རྟགས། འབུ་གྲོག་མ་ཚང་ལས་བརྡོལ་ན་འབབ་རྟགས། ནུབ་མོར་ཁ་བས་མཛོ་རྒྱབ་མི་ཁེབས། སྔ་དྲོའི་ཁ་བ་གཡབ་པས་མི་ལྕོགས་ཞེས་དགུན་དུས་ནུབ་མོར་མུན་རུབ་ཁར་ཁ་བ་བབས་ན་ཆེན་པོ་འབབ་མི་ཐུབ་པར་བརྗོད་པ་ལྟ་བུ་སྟེ། དེ་ལྟ་བུའི་མཐོང་བས་མི་མཐོང་པ་ཡང་དག་པར་མཐོང་བར་བྱེད་པ་ནི་ཞིང་པའི་རྣམ་དཔྱོད་ཆེན་པོ་ཞིག་ཅི་ལ་མིན། དེ་དག་ནི་བཤད་སྟངས་སྒྲུང་གི་ཚུལ་འདྲེས་ཀྱང་དོན་ལ་གནས་པ་ནི་དངོས་པོའི་གནས་ཚད་ལས་ཇི་བཞིན་མངོན་ཐུབ་པ་དང་། ད་ལྟ་དེང་རབས་ཤེས་རིག་ལག་རྩལ་གྱིས་བརྟགས་པའི་མཐའ་འབྲས་དང་ཡང་ཁྱད་པར་ཕལ་ཆེར་མི་འབྱུང་བས་རང་ཡུལ་ཞིང་པ་རྣམས་ཀྱི་ཞིང་ལས་བྱེད་པའི་བརྒྱུད་རིམ་དུ་བློ་གྲོས་ཀྱི་རྩལ་ལས་བྱུང་ཞིང་ས་གནས་སྒེར་གྱི་གནས་ཚུལ་དང་ཤིན་ཏུ་མཐུན་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡིན་པར་སྣང་ངོ་།། ( མུ་འགོད།)
