国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚན་རྩལ་གྱིས་ནོར་གནག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཞིང་ཆེན་དང་ཁུལ་རིམ་པའི་ཆེད་མཁས་པའི་ཚོ་ཆུང་གིས་སྡེ་དགེ་རྫོང་དུ་ཆེད་དོན་རོགས་སྐྱོར་སྤེལ།

ཉེ་ཆར། ཞིང་ཆེན་སྲོག་ཆགས་རིམས་ནད་འགོག་ཟོན་ལྟེ་གནས་དང་ཁུལ་སྲོག་ཆགས་རིམས་ནད་འགོག་ཟོན་ལྟེ་གནས་གཉིས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ས་ཁུལ་གསུམ་གྱི་ཤེས་ལྡན་མི་སྣའི་ཆེད་མཁས་པའི་རོགས་སྐྱོར་ཚོ་ཆུང་དང་མཉམ་འབྲེལ་བྱས་ཏེ་སྡེ་དགེ་རྫོང་དུ་ཆེད་དོན་ཚན་རྩལ་གྱི་རོགས་སྐྱོར་བྱེད་སྒོ་སྤེལ། ད་ཐེངས་ཀྱི་རོགས་སྐྱོར་བྱེད་སྒོ་ནི་ནོར་གནག་ཐོན་ལས་འཕེལ་རྒྱས་དང་སྲོག་ཆགས་ཀྱི་རིམས་ནད་འགོག་ཟོན་གྱི་དགོས་མཁོ་ཆེན་པོ་གཉིས་ལ་དམིགས་ཏེ་ལག་རྩལ་མཛུབ་ཁྲིད་དང་ཆེད་དོན་གསོ་སྦྱོང་། དངོས་ཟོག་རྒྱབ་སྐྱོར་བཅས་བྱས་པར་བརྒྱུད་རྫོང་དེའི་ཕྱུགས་ལས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཆེད་ལས་ཀྱི་སྟོབས་ཤུགས་བསྣན་ཡོད།

རོགས་སྐྱོར་བྱེད་རིང་ཆེད་མཁས་པའི་ཚོ་ཆུང་གིས་སྡེ་དགེ་རྫོང་གི་ནོར་གནག་གསོ་སྤེལ་གྱི་དོན་དངོས་ལ་གཞིགས་ཏེ་ཡུལ་དངོས་སུ་བརྟག་དཔྱད་དང་ལག་རྩལ་འགྲེལ་བཤད། དྲི་བ་དྲི་ལན་བཅས་ཀྱི་བྱེད་ཐབས་སྤྱད་དེ་ཁོངས་གཏོགས་ཁུལ་གྱི་གསོ་སྤེལ་མཉམ་ལས་ཁང་དང་འབྲོག་པའི་ཁྱིམ་ཚང་གི་འབྲོག་རར་བསྐྱོད་དེ་ལག་རྩལ་མཛུབ་ཁྲིད་བྱས། ཆེད་མཁས་པ་ཚོས་ནོར་གནག་གི་རིགས་རྒྱུད་ལེགས་བཅོས་དང་། ཚན་རིག་དང་མཐུན་པའི་བེའུ་གསོ་སྐྱོང་། གནད་དུ་འཁེལ་བའི་གཟན་ཆས་སྡེབ་སྒྲིག་སོགས་གསོ་སྤེལ་གྱི་འགག་རྩའི་གནད་ཐུག་ས་ནས་གསོ་སྤེལ་ཁོར་ཡུག་རྒྱུན་ལྡན་ཅན་གྱི་དུག་སེལ་དང་། རྒྱུན་མཐོང་ནད་རིགས་སྔ་ཙམ་ནས་ཇི་ལྟར་སྔོན་འགོག་སོགས་ཀྱི་གསོ་སྤེལ་ཤེས་བྱ་ཁྲིད་དེ་ནོར་གནག་གསོ་སྤེལ་ཁྲོད་དུ་འཕྲད་པའི་དོན་དངོས་ཀྱི་དཀའ་གནད་ཐག་བཅད་པ་རེད།

ད་སྔ་ནི་སྟོན་དུས་སྲོག་ཆགས་ཀྱི་རིམས་ནད་འགོག་ཟོན་གྱི་འགག་རྩའི་དུས་སྐབས་ལ་སླེབས་ཤིང་། ཆེད་མཁས་པ་ཚོ་ཆུང་གིས་སྲོག་ཆགས་ཀྱི་རིམས་ནད་གལ་ཆེན་འགོག་ཟོན་དེ་རོགས་སྐྱོར་ལས་ཀ་གཙོ་བོར་བཟུང་སྟེ། ནོར་གནག་གི་ཁ་ཚ་རྨིག་ཚ་དང་པུའུ་ལུའུ་ཧྲི་སྲིན་ནད་སོགས་རིམས་ནད་འགོག་ཟོན་ལག་རྩལ་ལ་དམིགས་ནས་ཆེད་དོན་གསོ་སྦྱོང་སྤེལ་ཏེ། ཡུལ་དངོས་སུ་ཚད་ལྡན་གྱི་རིམས་འགོག་སྨན་ཁབ་རྒྱག་སྟངས་དང་བཀོལ་སྤྱོད་བྱ་ཐབས་བཅས་གསལ་བཤད་ཞིབ་ཕྲ་བྱས་པར་མ་ཟད། “སྔོན་འགོག་སྔ་ཙམ་ནས་བྱེད་པ་དང་འགོག་བཅོས་ཟུང་འབྲེལ་བྱེད་པའི”རྩ་དོན་ཐད་ནན་བཤད་བྱས། ཆབས་ཅིག་ཏུ་སྡེ་དགེ་རྫོང་གི་གནམ་གཤིས་ཁྱད་ཆོས་དང་གསོ་སྤེལ་བཀོད་སྒྲིག་དང་འབྲེལ་ཏེ་ཆེད་དུ་སྟོན་དུས་ཀྱི་རིམས་འགོག་ཇུས་གཞི་གཏན་ལ་ཕབ་ནས་རིམས་འགོག་དུས་ཚོད་དང་། དུག་སེལ་བྱེད་སྟངས། འཚུབ་བསྟུན་ཐག་གཅོད་གོ་རིམ་བཅས་ཁ་གསལ་བཟོས་ཏེ་རྫོང་ཡོངས་ཀྱི་སྟོན་དུས་སྲོག་ཆགས་ཀྱི་རིམས་ནད་འགོག་ཟོན་གྱི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་བཏང་ཡོད། བྱེད་སྒོའི་ཁྲོད་ཆེད་མཁས་པའི་ཚོ་ཆུང་གིས་ད་དུང་རྫོང་དེར་ཕྱུགས་རིགས་སྨན་རྫས་དང་དུག་སེལ་ཡོ་བྱད་སོགས་རིན་གོང་སྒོར་ཁྲི་གཉིས་ཡན་གྱི་དངོས་རྫས་སྒམ10ལྷག་བྱིན་པ་རེད།

ད་ཐེངས་ཀྱི་ཚན་རྩལ་རོགས་སྐྱོར་བྱེད་སྒོ་དེས་སྡེ་དགེ་རྫོང་གི་གསོ་སྤེལ་དུད་ཚང་ལ་འཕྲལ་མཁོའི་ལག་རྩལ་རྒྱབ་སྐྱོར་དང་དངོས་ཟོག་འགན་སྲུང་བྱས་པར་མ་ཟད། ཞིང་ཆེན་རིམ་པའི་ཆེད་མཁས་དང་གཞི་རིམ་ལག་རྩལ་མི་སྣ། གསོ་སྤེལ་དུད་ཚང་བཅས་ཀྱི་བར་མཉམ་ལས་ཆེན་པོ་བྱུང་ནས་རྫོང་དེའི་ནོར་གནག་ཐོན་ལས་ཀྱི་སྤུས་ཚད་འཕར་བ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་བ་དང་། སྲོག་ཆགས་ཀྱི་རིམས་ནད་འགོག་ཟོན་གྱི་ཉེན་མེད་སྲུང་ཡོལ་བརྟན་པོར་བསྐྲུན་ཡོད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)