ཉེ་ཆར། སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་སྐྱེད་ཚལ་སྒྱུ་རྩལ་ཞིབ་འཇུག་ཁང་དང་སི་ཁྲོན་ཞིང་ཆེན་སྐྱེད་ཚལ་སྒྱུ་རྩལ་ལོ་ཏོག་ལག་རྩལ་ཁྱབ་སྤེལ་སྤྱི་ཚུགས་དང་མཉམ་དུ་སྡེ་རོང་རྫོང་སུར་གོག་སོན་རྒྱུ་ཐོན་ཁུངས་ལ་སྲུང་སྐྱོང་རང་བཞིན་གྱི་བསྡུ་རུབ་བྱས་ཏེ། སྡེ་རོང་སུར་གོག་སོན་རྒྱུ་ཐོན་ཁུངས་ཀྱི་ལྡུམ་ར་ཐོག་མ་འཛུགས་པར་སྐུལ་འདེད་བཏང་ཞིང་། སུར་གོག་གི་སྐྱེས་སྟོབས་དང་ལྷད་མེད་ཀྱི་བསྐྱར་གསོ། རིགས་སྣ་གྲུབ་ཆ་ལེགས་སུ་གཏང་རྒྱུ་བཅས་ལ་འགན་ལེན་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།
སྡེ་རོང་སུར་གོག་ནི་དཀར་མཛེས་ཁུལ་སྡེ་རོང་རྫོང་གི་ཡུན་རིང་པོར་སྐད་གྲགས་ཆོད་པའི་ས་ཁམས་མཚོན་རྟགས་སྲུང་སྐྱོང་གི་ཐོན་རྫས་ཤིག་ཡིན་པ་དང་། སྡོང་དབྱིབས་ཤིང་སྡོང་དང་འདྲ་ལ་པགས་པ་སྲབ་ཅིང་དྲི་མ་ཞིམ་པ། ཁ་ཚ་བ་དང་ལུས་ལ་ཕན་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི་སུར་གོག་ནི་སྔར་ནས་ས་གནས་དེ་གའི་ཞིང་དུད་ཀྱི་ཡོང་འབབ་འཕར་བའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད།
སྡེ་རོང་རྫོང་ཞིང་ལས་ལག་རྩལ་ཁྱབ་སྤེལ་དང་ས་རྒྱུའི་ལུད་རྫས་ས་ཚུགས་ཀྱི་མགོ་གཙོ་འཇམ་དཔལ་ཐུབ་བསྟན་གྱིས་རྫོང་ཡོངས་ཀྱི་གྲོང་རྡལ་དང་ཡུལ་ཤོག10ལ་སུར་གོག་འདེབས་གནས8ཡོད་པ་དང་། མང་ཆེ་བ་ནི་ཞིང་དུད་ཀྱི་ཁང་པའི་འགྲམ་དུ་འདེབས་པ་ཡིན་ཞིང་རྒྱ་ཁྱོན་མུའུ1200ལ་ཟིན་ཡོད། སྡེ་རོང་སུར་གོག་འདེབས་འཛུགས་སྐབས་མུའུ་རེར་མ་རྩ་སྒོར400ཡས་མས་ལས་གཏང་མི་དགོས་ཤིང་། བསྡུ་སྐབས་མུའུ་རེར་ཐོན་ཚད་ཆ་སྙོམས་སྒོར4000ནས5000བར་ཟིན་ཐུབ། དེ་ནི་ང་ཚོ་སྡེ་རོང་རྫོང་ཞིང་དུད་ཀྱི་ཡོང་འབབ་འཕར་བའི་ཐོན་ལས་བཟང་པོ་ཞིག་ཡིན་ཞེས་སྤྲོ་བའི་ངང་ནས་བཤད།
སྡེ་རོང་རྫོང་གིས་ད་ལོའི་ཟླ་བ9པར་བཏོན་པའི་སུར་གོག་ལོ3ནང་སླར་གསོ་དང་དང་ཇེ་མང་གཏང་རྒྱུའི་འཆར་འགོད་ནང་། རྫོང་རིམ་པའི་ནོར་སྲིད་ཆེད་སྤྱོད་མ་དངུལ་གཙོ་བོ་དང་ཞིང་ཆེན་དང་ཁུལ་གྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་མ་དངུལ་དུས་མཉམ་དུ་བརྩོན་ལེན་བྱས་ཏེ། སང་ལོར་སྡེ་རོང་སུར་གོག་སོན་རྒྱུ་ཐོན་ཁུངས་ཀྱི་ལྡུམ་ར་ཐོག་མ་འཛུགས་རྒྱུ་དང་། ད་ཡོད་ཀྱི་ལོ་ལྔ་ཡན་ཆད་ཀྱི་སྡོང་རྒན་ལ་ཡོངས་ཁྱབ་ཀྱི་ཞིབ་བཤེར་བྱས་ཏེ། སྡོང་པོ་གཅིག་ལ་ཡིག་ཚགས་གཅིག་གི་དན་གྲངས་མཛོད་འཛུགས་རྒྱུ་དང་། དཔེ་མཚོན་གྱི་སྡོང་རྒན(སྡོང་པོ50)བདམས་ནས་བྱང་བཀལ་སྲུང་སྐྱོང་དང་སྲུང་སྐྱོང་ཁུལ་གཏན་འཁེལ། ལྟེ་བའི་སོན་རྒྱུ་གསལ་འབྱེད་དང་ལྷད་མེད་བསྐྱར་གསོ། རྒྱུད་འཛིན་སྣ་མང་ཅན་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་སྤུས་ལེགས་སྡོང་རྐང3ནས5བདམས་ནས་སོན་བཟང་ཁྲི5གསོ་སྤེལ་བྱ་རྒྱུ་རེད།།( ཡེ་ཤེས་ཀྱིས་བསྒྱུར།)
